Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

རྩོམ་པ་པོ་རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ། དུས་ཚོད2008-8-29 10:23:02 ཡོང་ཁུངས་མཚོ་སྔོན་པོ་དྲ་བ།
དང་པོ། ས་སྐྱ་པའི་གདུང་རབས་བྱུང་ཚུལ་སྐོར་བཤད་པ།
དེ་ཡང་གོང་དུ་སྨྲས་པ་བཞིན་བོད་སིལ་བུའི་སྐབས་སུ་ཁ་བའི་ལྗོངས་འདིར་གཅིག་གྱུར་གྱི་སྲིད་དབང་མེད་པར་ལོ་བརྒྱ་ཕྲག་འགའ་སོང་བས་བོད་ཀྱི་སྲིད་འབྱོར་ཐད་འཕེལ་རྒྱས་ཆེན་པོ་མ་བྱུང་ཡང་ཆོས་དང་རིག་གནས་ཐད་དར་རྒྱས་ཅུང་ཆེན་པོ་བྱུང་བ་ཡིན་ཏེ། སྐབས་དེར་བོད་རང་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གྲུབ་མཐའི་སྲོལ་འབྱེད་མང་པོ་རིམ་པར་བྱོན་ནས་བོད་ལ་གྲུབ་མཐའ་སྣ༌ཚོགས་ཀྱི་སྲོལ་བཏོད་པར་བརྟེན། གྲུབ་མཐའ་དེ་དག་གིས་རང་རང་ས་ནས་ཆོས་སྲིད་དཔལ་འབྱོར་གྱི་སྟོབས་ཤུགས་རེ་བཟུང་སྟེ་སོ་སོའི་མངའ་ཁོངས་བསྐྱངས། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་མགོ་ཙམ་ལ་བོད་དང་རྒྱ་ནང་བཅས་ཀྱི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། རྒྱ་ནང་དུ་སྔར་གྱི་སུང་རྒྱལ་རབས་གཙོས་པའི་རྒྱལ་ཕྲན་དུ་མ་ཡོད་པ་རྣམས་བྱང་ཕྱོགས་ནས་གསར་དར་བྱུང་བའི་ཧོར་རྒྱལ་པོའི་དྲག་དཔུང་གིས་ཆབ་འོག་ཏུ་བསྡུས་ནས་གཅིག་གྱུར་གྱིས་དབང་སྒྱུར་བྱས་ཤིང༌། རང་རེའི་བོད་ལ་ས་སྐྱ་པས་ཧོར་གོང་མའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཁམས་ཡོངས་རྫོགས་སླར་ཡང་གཅིག་གྱུར་བྱས་ཏེ་ཆོས་སྲིད་ལུགས་གཉིས་ཀྱིས་དབང་སྒྱུར་བྱས་པ་ཡིན་ལ། དེ་ལ་འདིར་ཐོག་མར་ས་སྐྱའི་གདུང་རབས་བྱུང་ཚུལ་སྐོར་ཅུང་ཟད་བརྗོད་པར་བྱ་སྟེ།
དང་པོ་ཐོག་མའི་གདུང་རྒྱུད་བྱོན་ཚུལ་ནི། དེ་ཡང་ས་སྐྱ་པའི་གདུང་རྒྱུད་བྱུང་ཚུལ་སྐོར་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་གདུང་རབས་བཅས་སུ་གདུང་རྒྱུད་འོད་གསལ་ལྷ་ལས་བབས་ཤིང་རུས་ནི་དྲི་མེད་འཁོན་དུ་གྲགས་ཞེས་འབྱུང་སྟེ། 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་》ཅེས་པར་དེ་ལ་འདིའི་རིགས་ནི་བོད་དུ་བྲམ་ཟེའི་རིགས་སུ་གསལ་བ་མ་བྱུང་བས། རྒྱལ་རིགས། རྗེའུ་རིགས། དམངས་རིགས་གསུམ་ལས། ཞང་བློན་རྗེའུ་རིགས་ཡིན་ཏེ། རུས་ནི་བོད་ཀྱི་རུས་ཆེན་བཞི་དང༌། མིའུ་རིགས་དྲུག་ཏུ་གྲགས་པ་སོགས་ལས་འཆད་(ཆད་)པ་མ་ཡིན་གྱིས། གདུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཏེ་①ཞེས་གནམ་ལྷ་སྤྱི་རིང་དང་གཡུ་རིང་གཡུ་སེ་བྱ་བའི་མཆེད་གསུམ་མི་ཡུལ་དུ་བབས་པ་ལ། ཆུང་བ་གཡུ་སེས་མིའི་རྗེ་མཛད་པས་དེ་ལ་སྲས་བཞི་བྱུང་ཞིང་དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ་པས་ལྡོང་བཏུལ་ནས་བྲན་དུ་བཀོལ། བར་པ་གཡུ་རིང་གིས་རུས་དམུ་ཅན་གྱི་བུ་མོ་དམུ་ཟ་ལྡེམ་བུ་བྱ་བ་ཁབ་ཏུ་བཞེས་པས་སྲས་མ་སངས་སྤུན་བདུན་གྲགས་པ་བྱུང་ལ། དེའི་སྔ་མ་དྲུག་ལྷ་ཡུལ་དུ་གཤེགས་ཤིང་ཐ་ཆུང་མ་སངས་སྤྱི་རྗེ་བྱ་བ་མི་ཡུལ་དུ་བཞུགས་ནས་ཐོག་ལྷ་འོད་ཅན་གྱི་བུ་མོ་ཐོག་ལྕམ་འུར་མ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་བང་པོ་སྟག་ཏུ་གྲགས་པ་བྱུང༌། དེས་ཀླུ་ལྕམ་བྲ་མ་བྱ་བ་ཁབ་ཏུ་བཞེས་པས་སྲས་ཀླུ་ཚ་སྟག་པོ་འོད་ཅན་བྱུང་ལ། དེས་མོན་བཟའ་མཚོ་མོ་རྒྱལ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་གཡའ་སྤང་སྐྱེས་སུ་གྲགས་པ་བྱུང༌། འདིས་སྲིན་པོ་སྐྱ་རེངས་ཁྲག་མེད་བྱ་བར་ཆུང་མ་གཡའ་འབྲུམ་སི་ལི་མ་ཟེར་བའི་མཛེས་མ་ཞིག་ཡོད་པ་ཁྱོ་བོ་བསད་དེ་མོ་ཕྲོགས་ནས་རང་གི་ཁབ་ཏུ་བསུས་པ་ལ་སྲས་གཅིག་བྱུང་བ་ལྷ་དང་སྲིན་པོ་འཁོན་པའི་བར་དུ་བྱུང་བ་ཡིན་པས་མིང་གཡའ་ཕྲུག་འཁོན་བར་སྐྱེས་ཞེས་བཏགས་ཤིང༌། དེས་གདུང་རྒྱུད་རིམ་པར་སྤེལ་བ་ལ་འཁོན་ཞེས་གྲགས་པར་བཤད་ལ་དཔེ་ཆ་ལ་ལར་མཁོན་ཞེས་བྲིས་པའང་ཡོད། དེ་ནས་རིམ་པར་བརྒྱུད་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ནང་བློན་འཁོན་དཔལ་ཆེ་བྱ་བ་ཞིང་དེ་ལ་སྲས་འཁོན་ཀླུའི་དབང་པོ་བསྲུངས་དང་རྡོ་རྗེ་རིན་པོ་ཆེ་བྱ་བ་གཉིས་ལས། གཅེན་རབ་ཏུ་བྱུང་བ་སད་མི་བདུན་གྱི་ཡ་གྱལ་འཁོན་ཀླུའི་དབང་པོ་ཟེར་བ་ཡིན་པར་བཤད། གཅུང་གིས་འབྲོ་བཟའ་གཡང་ལོན་སྐྱིད་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་བདུན་བྱུང་བ་དང་ཕྱིས་དེ་ཚོས་ཞང་པོ་འབྲོ་དང་འཐབ་ནས་འཁོན་ཚོ་སྟོད་སྨད་དུ་གྱེས་པར་བཤད་ལ། དེ་དག་ནས་རིམ་པར་བརྒྱུད་པ་ལ་ས་སྐྱའི་ཡང་མེས་འཁོན་ཤཱཀྱ་བློ་གྲོས་བྱ་བ་བྱོན་ཅིང་འདི་པས་ཡུལ་བྱ་ར་ལུང་པ་དང་ཤབ་སྟོད་སྨད་རྣམ་བཟུང་སྟེ་འཕྲིན་ལས་ཀྱང་ཅུང་ཆེ་ཙམ་བྱུང་བར་གྲགས་ལ། དེ་ལ་སྲས་གཉིས་བྱུང་བ་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་དང་གཅུང་ས་སྐྱའི་མེས་པོ་གྱུར་པ་འཁོན་དཀོན་མཆོག་རྒྱལ་པོ་ཡིན་པར་བཤད།
དེ་ལྟར་བཀོད་མ་ཐག་པའི་ས་སྐྱའི་གདུང་རྒྱུད་བྱུང་ཚུལ་ནི་བོད་ཐུན་མོ་དང་མི་གཅིག་པར་འོད་གསལ་ལྷ་ལས་བབས་པར་འདོད་པ་དང་ཡང་འཁོན་གྱི་མི་བརྒྱུད་རྗེ་རིགས་སུ་གཏོགས་པ་བོད་བཙན་པོའི་དུས་སྐབས་ནས་སྐུ་དྲག་ཅིག་གི་ཁྱིམ་གཞིས་ཡིན་ཚུལ་བཤད་པ་སོགས་བཀས་བཀོད་རྒྱུད་འཛིན་གྱི་དུས་སྐབས་སུ་བྱུང་བའི་འདི་འདྲའི་ནང་དོན་ཅན་ལ་ད་ལྟ་ང་ཚོས་ཡིད་ཆེས་བྱེད་མི་སྲིད་ནའང༌། འོན་ཏེ་བྱུང་བ་དེ་དག་གི་གསེང་ལས་རང་རེ་བོད་ཀྱི་གནའ་བོའི་སྤྱི་ཚོགས་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཕྱོགས་རེ་ཙམ་ཞིག་མཚོན་ནུས་སམ་སྙམ་ནས་སྔོན་བྱོན་མཁས་པའི་བཞེད་ཚུལ་ལྟར་མདོར་བསྡུས་སུ་བཀོད་པ་ལགས།
དེ་ལྟར་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའི་སྲོལ་འབྱེད་འཁོན་དཀོན་མཆོག་རྒྱལ་པོ་བོད་རབ་བྱུང་དང་པོའི་ཤིང་ཁྱི་སྤྱི་ལོ༡༠༣༤ལ་སྐུ་འཁྲུངས་ཤིང་ཆུང་དུས་ནས་ཡབ་དང་གཅེན་ལས་ཆོས་སྣ་རེ་བསླབས་པ་དང༌། ཁྱད་པར་དུ་སྐབས་དེར་བོད་ན་གྲགས་ཆེ་བའི་འབྲོག་འགོས་རྨ་གསུམ་སྟེ་འབྲོག་མི་ཤཱཀྱ་ཤེས་དང་འགོས་ཁུག་པ་ལྷས་བཙས། རྨ་ཆོས་འབར་གཙོས་པའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་མང་དུ་བསྟེན་ནས་གསང་སྔགས་གསར་རྙིང་མཐའ་དག་ལ་ནང་བྱན་ཆུད་པར་མཛད་དེ་མཁས་པ་ཆེན་པོར་གྱུར་ཅིང༌། རང་ལུགས་གྱི་གྲུབ་མཐའི་སྲོལ་ཕྱེ་ནས་བསྟན་པའི་བྱ་བ་རྒྱ་ཆེ་བར་སྤེལ། ཐོག་མར་བྲ་བོ་ལུང་དུ་དགོན་ཆུང་ཞིག་བཏབ་ནས་ལོ་འགའ་བཞུགས་ཤིང་ཕྱིས་དབོན་པོའི་རི་བྱ་བར་①གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུང་གཡས་པའི་ཐད་ནས་དཀར་ཞིང་སྣུམ་པ་ཆུ་གཡས་སུ་འབབ་པ་ལ་སོགས་པ་ས་བཀྲ་ལེགས་པ་གཟིགས་ཏེ་ཡུལ་བདག་ལས་གནས་གཞི་བླུས་ཏེ་དགོན་པ་བཏབ་པ་ལ་ས་སྐྱའི་དགོན་ཞེས་གྲགས་ཤིང༌། རང་ཉིད་ཀྱིས་གདན་ས་ཡུན་རིང་དུ་མཛད་དེ་བླ་མ་འབྲོག་མི་ནས་བརྒྱུད་པའི་རྒྱུད་ཀྱི་བཤད་པ་སོགས་དར་བར་མཛད་ཅིང་གདུལ་བྱ་མང་པོ་སྨིན་གྲོལ་དུ་བཀོད་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་བཞིན་རབ་བྱུང་གཉིས་པའི་ཆུ་རྟ་སྤྱི་ལོ༡༡༠༢ལ་སྐུ་གཤེགས། དེ་ནས་བཟུང་གྲུབ་མཐའ་འདི་ཉིད་ཀྱི་ལུགས་དང་རྒྱུད་འཛིན་མཁན་རྣམས་ལ་ས་སྐྱ་པ་ཞེས་གྲགས་སོ།།
གཉིས་པ་བར་དུ་གོང་མ་རྣམ་ལྔ་བྱོན་ཚུལ་ནི། འཁོན་དཀོན་མཆོག་རྒྱལ་པོའི་བཙུན་མོ་ཆེ་བ་རྡོ་རྗེ་ཕྱུག་མོ་བྱ་བར་རིགས་རྒྱུད་ཀྱི་སྲས་མ་བྱུང་བས་དེ་ནས་མ་གཅིག་ཞང་མོ་བྱ་བའི་བཙུན་མོ་ཆུང་བ་ཞིག་ཁབ་ཏུ་བཞེས་པ་ལ་སྲས་ཀུན་དགའ་སྙིང་པོ་རབ་བྱུང་གཉིས་པའི་ཆུ་སྤྲེལ་སྤྱི་ལོ༡༠༩༢ལ་སྐུ་འཁྲུངས། གཞོན་ནུའི་དུས་ནས་ཡབ་དང་བ་རི་ལོ་ཙཱ་བ་སོགས་མཁས་གྲུབ་དུ་མར་བསྟེན་ནས་གསན་སྦྱོང་མཐིལ་ཕྱིན་པར་མཛད་ཅིང་ལུང་དང་རྟོགས་པའི་ཡོན་ཏན་མཐའ་དག་མནོས། ཡབ་གཤེགས་དུས་ཁོང་སྐུ་ནར་མ་སོན་པས་གདན་ས་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་(༡༠༤༠-༡༡༡༡)གྱིས་ལོ་བརྒྱད་ཙམ་ལ་བསྐྱངས། དགུང་ལོ་ཉི་ཤུའི་སྟེང་ཡབ་ཀྱི་གདན་ས་བཟུང་ཞིང་བུ་སློབ་ཀྱང་མང་དུ་བསྐྱངས་ཐོག ས་སྐྱའི་ལུགས་དང་གདན་ས་བཅས་ལ་སྔར་མེད་ཀྱི་མཛད་རྗེས་ཆེན་པོ་བཞག་སྟབས་ཀུན་གྱིས་ས་ཆེན་ཞེས་སྙན་པའི་མཚན་གསོལ་ལ། སྐྱེས་ཆེན་འདི་ཉིད་ཀྱིས་རང་ལོ་ཉི་ཤུ་པ་ནས་རེ་བདུན་བར་ལོ་ངོ་ཞེ་བརྒྱད་རིང་གདན་ས་བསྐྱངས་ཏེ་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ༡༡༥༨ལ་སྐུ་འདས། གསུང་རྩོམ་པོད་གཉིས་མཛད་པ《ས་སྐྱའི་བཀའ་འབུམ་》①གྲས་སུ་བཞུགས། འདི་ལ་སྲས་ཀུན་དགའ་འབར་དང་གྲགས་ཆེ་བ་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་དཔལ་ཆེན་འོད་པོ་བཅས་བའི་བྱུང་ཞིང་སྲས་ཆེ་བ་ཆུང་དུས་རྒྱ་གར་དུ་སློབ་གཉེར་ལ་བྱོན་པར་ཕྱིར་མ་ལོག་པར་དེར་འདས་ཞེས་བཀོད།
སྲས་གཉིས་པ་བསོད་ནམས་རྩེ་མོ་རབ་བྱུང་གཉིས་པའི་ཆུ་ཁྱི་སྤྱི་ལོ༡༡༤༢ལ་སྐུ་འཁྲུངས་ཤིང་ཆུང་དུས་ནས་ཡབ་ལས་རྡོ་རྗེ་ཐེག་པས་བསྡུས་པ་རྒྱུད་འགྲེལ་དང་སྒྲུབ་དཀྱིལ་ཞེ་དབང་བྱིན་རླབས་གདམས་ངག་ཕྱག་བཞེས་དང་ཁྲིད་བཀའ་ལུང་དང་བཅས་པར་མཛད་པས་སྐབས་དེར་བོད་ན་དབང་ལུང་གི་བདག་པོར་གྱུར་པར་གྲགས། དེ་ནས་དབུས་སུ་བྱོན་ཏེ་གསང་ཕུར་གངས་ཅན་ཚད་མའི་སྲོལ་འབྱེད་ཕྱྭ་བ་ཆོས་ཀྱི་སེང་གེ་བསྟེན་ནས་ལོ་ངོ་བཅུ་གཅིག་ལྷག་ལ་ཆོས་གསན་པས་མཁས་པ་མཆོག་ཏུ་གྱུར་ཅིང་《ཆོས་ལ་འཇུག་པའི་སྒོ་》དང《རྒྱུད་སྡེ་སྤྱིའི་རྣམ་གཞག》ཅེས་པ་སོགས་བསྟན་བཅོས་ཀྱང་མང.དུ་མཛད་པ་པོད་གསུམ་ཙམ་ལོངས་པ《ས་སྐྱའི་བཀའ་འབུམ་》ཁྲོད་དུ་བཞུགས། གདན་ས་ལོ་གསུམ་ཙམ་བསྐྱང་ཏེ་གཅུང་ལ་གཏད་ནས་ཕལ་ཆེར་དབེན་པ་ལ་གཞོལ་བར་མཛད་ནས་དགུང༌ལོ་ཞེ་གཅིག་པ་ཆུ་སྟག་སྤྱི་ལོ༡༡༨༢ལ་སྐུ་གསེགས། བུ་སློབ་ཀྱང་གཅུང་གྲགས་པ་རྒྱལ་མཚན་སྐུ་མཆེད་དང་རྨོག་སྟོན་སོགས་མཁས་ཆེན་དུ་མ་བྱུང་ལ་ཀུན་གྱིས་སློབ་དཔོན་ཞེས་ཆེ་མཚན་ཞུ་བ་ལགས། ཡང་རྗེ་འདི་པས་གདན་ས་མཛད་ལོ་ལ་བགྲང་བྱ་གསུམ་དང་བཅུ་གསུམ་ཉེར་གསུམ་བཅས་བཞེད་ཚུལ་མི་གཅིག་པ་དང་གདན་ས་གཏན་མ་མཛད་པར་འདོད་པ་སོགས་ཅི་རིགས་སུ་སྣང་ཡང༌། ས་སྐྱའི་གདུང་རབས་སུའང་བརྟག་གཞིར་གསུངས་འདུག་པས་ན་ཁོ་བོས་ཀྱང་འདིར་མཐའ་གཅིག་ཏུ་གང་ཞིག་དག་པར་འདོད་མི་ནུས་པས་རེ་ཞིག་ཡོངས་གྲགས་ལྟར་ལོ་གསུམ་དུ་བཀོད་པ་ཡིན།
སྲས་གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་མེ་ཡོས་སྤྱི་ལོ༡༡༤༧ལ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་བྱང་སེམས་ཟླ་བ་རྒྱལ་མཚན་ལས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་བཅུ་ག་ནས་སྒྲུབ་ཐབས་མཚོ་སྐྱེས་དང་དགྱིས་རྡོར་སོགས་གསན་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པར་བཤད། སྐུ་གཅེན་དང་གཉན་གཙུག་ཏོར་རྒྱལ་པོ་ཞང་ཚུལ་ཁྲིམས་གྲགས་སྙག་དབང་རྒྱལ་དང་དར་མ་ལོ་ཙཱ་བ་སུམ་པ་ལོ་ཙཱ་བ་སོཀས་ལས་ཀྱེེ་རྡོར་རྩ་བ་དང་བཤད་རྒྱུད་བདེ་མཆོག་རྩ་བཤད་གསང་འདུས་འགྲེལ་བ་དང་རྒྱུད་འགྲེལ་མན་ངག་སོགས་མཐའ་ཡས་པ་གསན་པར་མ་ཟད། གཞན་ཡང་མདོ་དང་བསྟན་བཅོས་མན་ངག་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དེ། ཆོས་གང་ཞུས་ཀྱང་དེ་མ་ཐག་ཐུགས་ལས་གསུངས་པའི་མཁས་གྲུབ་ཆེན་པོའི་གོ་འཕང་མཆོག་ཏུ་བསྙེས་ཤིང་ཀུན་གྱིས་རྗེ་བཙུན་ཞེས་གུས་པའི་མཚན་གསོལ། འཆད་རྩོད་རྩོམ་པར་ཐོགས་པ་མི་མངའ་ཞིང་རྩོམ་པར་ལེགས་བཤད་ཀྱི་ཕྲེང་བ་གསར་དུ་སྤེལ་བ་པོད་བཞིར་ལོངས་པ་《ས་སྐྱའི་བཀའ་འབུམ་》ཁྲོད་དུ་བཞུགས། གདན་ས་ལོ་ངོ་ཞེ་ལྔའི་རིང་མཛད་དེ་དགུང་གྲངས་བདུན་ཅུ་པ་རབ་བྱུང་བཞི་བའི་མེ་བྱི་སྤྱི་ལོ༡༢༡༦ལ་སྐུ་འདས། རྗེ་འདི་ལ་སློབ་མའི་ཚོགས་ཀྱང་བགྲང་ཡས་པ་བྱོན་ཅིང་གྲགས་ཆེ་བ་སྐུ་དབོན་ས་པཎ་ཀུན་དགའ་རྒྱལ་མཚན་དང་གྲགས་པའི་མཐའ་ཅན་གྱི་མི་བརྒྱད་དམ་རིག་འཛིན་སྡོམ་བརྩོན་བཞི་དང་གུར་རྒྱན་ཞུས་པའི་སློབ་བུ་རྣམ་བཞིར་གྲགས་པ་སོགས་བྱོན་པར་བཤད།
ས་ཆེན་གྱི་སྲས་བཞི་པ་དཔལ་ཆེན་འོད་པོ་ནི་རབ་བྱུང་གསུམ་པའི་ལྕགས་རྟ་སྤྱི་ལོ༡༡༥༠ལ་སྐུ་འཁྲུངས་ཤིང་འདི་པ་ཐུགས་བརྟན་ཞིང་ཡངས་ལ་བརྩོན་འགྲུས་དང་ལྡན་པ་ཞིག་ཡིན་པར་བཤད་ལ། ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་མན་ངག་མང་པོ་མངའ་བ་དང་ཁྱད་པར་དུ་གསོ་བ་རིག་པའི་སྒོ་ནས་འགྲོ་དོན་མཛད་མཁན་ཞིག་ཏུ་གྲགས་ཤིང༌། 《བརྒྱད་ཆུང་ཉི་མའི་འོད་ཟེར》བྱ་བའི་གསོ་རིག་གི་གཞུང་ཞིག་ཀྱང་མཛད་ཡོད་པར་སྣང༌། དགུང་ལོ་ང་བཞི་པ་རབ་བྱུང་གསུམ་པའི་ཆུ་ཕག་སྤྱི་ལོ༡༢༠༣ལ་སྐུ་འདས། འདི་པས་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་བྱ་བ་ཁབ་ཏུ་བཞེས་པ་ལས་སྲས་ས་པཎ་ཀུན་དགའ་རྒྱལ་མཚན་ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས་འཁྲུངས།
སྲས་ཆེ་བ་ཀུན་དགའ་རྒྱལ་མཚན་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ༡༡༨༢ལ་སྐུ་འཁྲུངས། བལྟམས་མ་ཐག་ནས་སྔ་མའི་བག་ཆགས་ཀྱིས་སཾ་སྐྲྀ་ཊའི་སྐད་སྨྲ་ཞིང་ཕྱག་མཛུབ་ཀྱིས་དབྱངས་གསལ་ཡི་གེ་འགའ་རེ་བྲིས་ནས་ཀློག་པའི་ཚུལ་མཛད་ཅེས་གྲགས། ཆུང་ངུ་ནས་ཁུ་བོ་གྲགས་པ་རྒྱལ་མཚན་ལ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན་ཅིང་དགུང་ལོ་ཉེར་གསུམ་སྟེང་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་(༡༡༢༧-༡༢༢༥)མཁན་སློབ་ཏུ་བསྟེན་ནས་སྒྲ་དང་རིག་པའི་གནས་ཆེ་བ་ལྔ་དང་སྙན་ངག་སྡེབ་སྦྱོརདཀར་རྩིས་སོགས་ཆུང་བ་ལྔ་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པའི་སྙན་པ་རྒྱས་ཤིང་པཎྚི་ཏ་ཞེས་པའི་མཚན་བཞེས་གནང་སྟེ་གངས་ཅན་མཁས་པའི་གཙུག་རྒྱན་དམ་པ་དང་བོད་རང་ལ་པཎྚི་ཏ་མཚན་བཞེས་པའི་དང་པོར་གྱུར། ཁྱད་པར་དུ་འཆད་པ་ལ་ཤེས་བྱའི་མཁའ་ལ་ལེགས་བཤད་ཉི་མའི་འོད་ཟེར་མཐའ་ཡས་པ་ཕྱོགས་བཅུར་འཕྲོས་ཏེ་གདུལ་བྱ་རྣམས་ཀྱི་མི་ཤེས་པའི་མུན་པ་དྲུང་ནས་ཕྱུང་ཞིང་ཕན་བདེའི་པད་མོའི་དགའ་ཚལ་ཀུན་ཏུ་རྒྱས་པར་མཛད་ཅིང༌། རྩོམ་པ་རིན་པོ་ཆེའི་ཕྲེང་བས་མཁས་པའི་ཡིད་དབང་འཕྲོག་པར་མཛད་པ་དང་། རྩོད་པ་རྡོ་རྗེའི་ཤུགས་ཀྱིས་ལྟ་ངན་མུ་སྟེགས་འཕྲོག་བྱེད་དགའ་བ་ལྟ་བུའི་བྲག་རི་བཤིག་པར་མཛད་པ་སོགས་མཁས་པའི་བྱ་བ་རྣམ་གསུམ་གྱིས་གཙོས་གཞན་འཕྲིན་ལས་སྣ་ཚོགས་གྱིས་བསྟན་པ་དང་སེམས་ཅན་གྱི་དོན་མཛད་པ་སོགས་བརྗོད་ཀྱིས་མི་ལངས་ཤིང༌། སྒོས་སུ་སྐབས་དེར་བོད་འབངས་ཡོངས་གྱི་སྐྱིད་སྡུག་ལ་དམིགས་ནས་ཐབས་མཁས་ཐུགས་རྗེས་རྒྱ་སོག་གི་ཡུལ་དུ་ཕེབས་ནས་འཕྲིན་ལས་རླབས་པོ་ཆེ་སྤེལ་ཚུལ་སོགས་གཤམ་དུ་འཆད་པར་འགྱུར་ལ། དགུང་ལོ་སོ་དྲུག་ནས་རེ་གཅིག་བར་ལོ་ངོ་ཉེར་བརྒྱད་རིང་ལ་གདན་ས་མཛད་དེ་བསྟན་པའི་བྱ་བ་ཡར་ལྡན་དུ་སྤེལ་བཞིན་ཧོར་ཡུལ་དུ་ཕེབས། ལྗགས་རྩོམ་མཛད་པ་པོད་གསུམ་ཙམ་ལོངས་པ《ས་སྐྱའི་བཀའ་འབུམ》ཁྲོད་དུ་བཞུགས་ཤིང་བུ་སློབ་ཀྱང་སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་སོགས་ས་ཆེན་པོའི་རྒྱན་དུ་གྱུར་པ་དུ་མ་བྱོན།
དཔལ་ཆེན་འོད་པོའི་སྲས་ཆུང་བ་ཟངས་ཚ་བསོད་ནམས་རྒྱལ་མཚན་རབ་བྱུང་གསུམ་པའི་ཤིང་འབྲུག་སྤྱི་ལོ་༡༡༨༤ལ་སྐུ་འཁྲུངས། ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས་ཤིང་ས་སྐྱའི་དགོན་པར་ལྕགས་རི་གསར་འཛུགས་དང་ཟི་ཐང་བྱ་བ་སོགས་སུ་ཚོང་ར་དང་གྲོང་སྡེ་གསར་འཛུགས་སོགས་གནང་སྟེ་སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་ལ་མཛད་རྗེས་མི་ཆུང་བ་བཞག་ཡོད་པར་བཤད། རབ་བྱུང་བཞི་པའི་ཤིང་ཕག་སྤྱི་ལོ༡༢༣༩ལ་སྐུ་འདས། འདིས་བཙུན་མོ་འགའ་ཁབ་ཏུ་བཞེས་པ་ལས་ཆེན་མ་མ་གཅིག་ཀུན་སྐྱིད་བྱ་བར་སྲས་འཕགས་པ་བློ་གྲོས་རྒྱལ་མཚན་དང་ཕྱག་ན་རྡོ་རྗེ་སྐུ་མཆེད་གཉིས་འཁྲུངས།
གཅེན་འཕགས་པ་བློ་གྲོས་རྒྱལ་མཚན་ནི་རབ་བྱུང་བཞི་པའི་ཤིང་ལུག་སྤྱི་ལོ༡༢༣༥ལ་སྐུ་འཁྲུངས། ཆུང་དུས་ནས་འབྲི་ཀློག་ལ་སོགས་པ་རིག་པའི་གནས་ལྔ་ལས་འགའ་ཞིག་མ་བསླབས་པར་མཁྱེན་པ་དང་འགའ་ཞིག་དཀའ་ཚེགས་མེད་པར་མཁྱེན་ཅིང༌། དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས་ལ་སོགས་པ་ཐུགས་ལས་གསུངས་པས་ཀུན་གྱིས་ཡ་མཚན་དུ་བཟུང་སྟེ་འདི་ནི་ངེས་པར་འཕགས་པའོ་ཞེས་བསྔགས་པ་ཕྱོགས་ཀུན་ཏུ་ཁྱབ་པས་དེ་ཕྱིན་ནས་འཕགས་པ་ཞེས་མཚན་ཡོངས་སུ་གྲགས་ཚུལ་གདུང་རབས་སུ་བཀོད་ཅིང་། དགུང་ལོ་བརྒྱད་དགུ་ནས་ཚོགས་ཀྱི་གཏམ་བཤད་མཛད་པས་ཐམས་ཅད་ང་མཚར་ཞིང་སྙན་གྲགས་རྒྱས་པར་བཤད། དགུང་ལོ་བཅུ་གསུམ་པར་ཁུ་བོ་ས་པཎ་གྱི་ཕྱག་ཕྱིར་བྱང་ངོས་①སུ་ཕེབས་ལམ་དུ་ལྷ་སའི་ཇོ་བོའི་སྐུ་མདུན་དུ་རབ་ཏུ་བྱུང་ཞིང་མཁན་པོ་ཤེས་རབ་སེང་གེ་ལས་དགེ་ཚུལ་གྱི་བསླབ་བྱ་གསན།དེ་ནས་དགུང་ལོ་བཅུ་བདུན་བར་ཁུ་བོའི་སྐུ་མདུན་དུ་བཅར་ཏེ་ཆོས་རྗེ་ས་པཎ་ལ་མངའ་བའི་ཡོན་ཏན་ཐམས་ཅད་རྫོགས་པས་ས་པཎ་ཡང་ཐུགས་མཉེས་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་པར་བཀའ་བསྒོ་བར་མཛད་ཐོག བསྟན་པའི་ཁུར་བོ་ཆེ་དང་སློབ་མའི་ཚོགས་གཏད་ནས་ཆོས་རྗེ་ས་པཎ་དགོང་པ་ཆོས་དབྱིངས་སུ་ཐིམ་པར་མཛད་ལ། འགྲོ་མགོན་འཕགས་པ་དགུང་ལོ་ཉི་ཤུ་ནས་ཧོར་སེ་ཆེན་རྒྱལ་བོའི་དབུ་བླ་མཛད་དེ་སྲིད་ཀྱི་མཛད་འཕྲིན་བླ་ན་མེད་པ་སྤེལ་ཚུལ་སོགས་འོག་ནས་འཆད་པར་འགྱུར་རོ།། དེ་བཞིན་གོང་དུ་སྨྲས་པའི་ས་ཆེན་ཀུན་དགའ་སྙིང་པོ་དང་སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་ས་པཎ་ཀུན་དགའ་རྒྱལ་མཚན། འཕགས་པ་བློ་གྲོས་རྒྱལ་མཚན་སྟེ་སྐྱེས་ཆེན་དམ་པ་འདི་ལྔ་བོ་ཡོངས་སུ་གྲགས་པའི་ས་སྐྱ་གོང་མ་རྣམ་ལྔ་ལགས་ཤིང༌། ཡང་སྔ་མ་གསུམ་རྟེན་དགེ་བསྙེན་ཏེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ཡིན་པས་དཀར་པོ་རྣམ་གསུམ་དང་ཕྱི་མ་གཉིས་རྟེན་དགེ་སློང་སྟེ་རབ་བྱུང་ངུར་སྨུག་ཅན་ཡིན་གཤིས་དམར་པོ་རྣམ་གཉིས་ཞེས་ཀྱང་གྲགས་སོ།།
གསུམ་པ་གདུང་རབས་གཞན་དག་བྱུང་ཚུལ་ནི། དེ་ཡང་ཆོས་རྗེ་ས་པཎ་ཧོར་ཡུལ་དུ་ཕེབས་ནས་འགྲོ་མགོན་འཕགས་པ་དགུང་ལོ་སོ་གཅིག་པར་ཡར་ཕེབས་ནས་གདན་སའི་འཁུར་མཛད་བར་དུ་ལོ་ངོ་ཉེར་གཅིག་རིང་གདན་སའི་འཁུར་མཛད་བར་དུ་ལོ་ངོ་ཉེར་གཅིག་རིང་གདན་ས་པ་ལོགས་སུ་མ་བཀོད་པར་གང་སྤྱིའི་བསྟན་པའི་ཁུར་རྣམས་ཤར་པ་ཤེས་རབ་འབྱུང་གནས་དང་འུ་ཡུག་པ་རིག་པའི་སེང་གེ། ཤཱཀྱ་བཟང་པོ་དང་གསུམ་གྱིས་ཁུར་པར་བཤད་ཅིང༌། དེ་ནས་འགྲོ་མགོན་འཕགས་པས་ལོ་གཉིས་ཙམ་གདན་ས་མཛད་རྗེས་སླར་ཡང་ཧོར་ཡུལ་དུ་ཕེབས་ལ་དེའི་བར་ལོ་ངོ་དགུའི་རིང་འཕགས་པ་དང་ཡུམ་མི་གཅིག་པའི་གཅུང་རིན་ཆེན་རྒྱལ་མཚན་གྱིས་གདན་སའི་འཁུར་མཛད། འདི་པ་ཟངས་ཚའི་བཙུན་མོ་གཉིས་པ་མ་གཅིག་ཇོ་འགྲོ་བྱ་བར་སྲས་ལྕམ་སྲིང་གཉིས་ཡོད་པ་ལས་གཅེན་པོ་སྟེ་རབ་བྱུང་བཞི་བའི་ས་ཁྱི་སྤྱི་ལོ༡༢༣༨ལ་སྐུ་འཁྲུངས། ཆོས་རྗེ་ཁུ་དབོན་དང་བླ་མ་འུ་ཡུག་པའི་དྲུང་དུ་ཐུགས་གཉེར་མཛད་དེ་རྒྱུད་སྡེ་མན་ངག་དུ་མ་མཁྱེན་ཅིང་གསང་སྔགས་ཀྱི་དཀྱིལ་ཆོ་ག་དང་གཞན་རྩོམ་པ་ཅི་རིགས་གནང་ནས་འཆད་ཉན་ལ་སོགས་པས་བསྟན་པའི་བྱ་བ་དུ་མ་བསྒྲུབས། ཧོར་གོང་མའི་ཕོ་བྲང་དུ་ཕེབས་ཏེ་རྒྱལ་པོའི་དབུ་བླ་མཛད་ཅིང་དེར་དགེ་འདུན་གྱི་སྡེ་བཙུགས་པ་སོགས་བྱ་བ་རླབས་པོ་ཆེ་དུ་མ་སྤེལ་ནས་དགུང་གྲངས་ཞེ་གཉིས་པ་རབ་བྱུང་ལྔ་པའི་ས་ཡོས་སྤྱི་ལོ་༡༢༧༩ལ་མེ་ཏོག་ར་བ་ཞེས་གྲགས་པའི་ཡུལ་དུ་སྐུ་འདས། དེ་ནས་འགྲོ་མགོན་འཕགས་པ་སླར་གདན་སར་ཕེབས་ནས་འགྲན་མེད་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པར་སྐུ་གཤེགས་ལ་གདན་སའི་ཁྲིར་དབོན་སྲས་རྷརྨ་པཱ་ལ་བཀོད།
འཕགས་པའི་གཅུང་ཕྱག་ན་རྡོ་རྗེ་རབ་བྱུང་བཞི་པའི་ས་ཕག་སྤྱི་ལོ༡༢༣༩ལ་སྐུ་འཁྲུངས། ཆུང་དུས་ནས་ཁུ་བོ་ས་པཎ་ལ་དབང་དང་གདམས་ངག་མང་དུ་གསན་པས་ཐོས་པས་རྒྱུད་ཕྱུག་པར་མཛད་ཅིང་དཔའ་བོའི་རྟུལ་ཞུགས་འཆང་བ་མཐུ་རྩལ་ཅན་ཞིག་ཡོད་པར་བཤད། དགུང་ལོ་དྲུག་གི་སྟེང་ཁུ་བོ་ས་པཎ་དང་གཅེན་འཕགས་པའི་ཕྱག་ཕྱིར་ཧོར་ཡུལ་དུ་བྱོན། ཧོར་ཆས་དང་ཧོར་རྒྱལ་པོའི་སྲས་མོ་ཞིག་ཀྱང་ཁབ་ཏུ་བཞེས་ལ་སྲས་གསུམ་ཡོད་ཟེར།གཞན་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལས་ཕྱི་མ་ལ་སྲས་རྷརྨ་པཱ་ལ་འཁྲུངས། ཧོར་ཡུལ་དུ་ལོ་ངོ་བཅོ་བརྒྱད་ཙམ་བཞུགས་ལ་སྲིད་ཀྱི་འཕྲིན་ལས་རྒྱས་པར་གྱུར། རབ་བྱུང་ལྔ་པའི་མེ་ཡོས་སྤྱི་ལོ༡༢༦༧ལ་བོད་ནས་སྐུ་གཤེགས་ཤིང་དགུང་ལོ་ཉེར་དགུ་ལས་མ་བཞུགས།
ཕྱག་ནའི་སྲས་རྷརྨ་པཱ་ལ་རབ་བྱུང་ལྔ་པའི་ས་འབྲུག་སྤྱི་ལོ༡༢༦༨ལ་ཡབ་གཤེགས་ནས་ཟླ་བ་དྲུག་ཏུ་སྐུ་འཁྲུངས། ཆུང་དུས་སྐུ་ཤིན་ཏུ་གཅེས་པས་ས་གཡོས་བྱོལ་བར་ཤིང་ཁང་བླ་བྲང་ཞིག་ཆེད་གཏད་ཀྱིས་བཞེངས་པར་བཤད། དགུང་ལོ་དགུ་ཙམ་ན་ཁུ་བོ་འགྲོ་མགོན་འཕགས་པ་ཧོར་ཡུལ་ནས་ཡར་བྱོན་པ་དང་དབང་རྒྱུད་མན་ངག་ལ་སོགས་པ་དུ་མ་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང༌། དགུང་ལོ་བཅུ་གཅིག་པ་ལ་བརྟག་གཉིས་གསུངས་ཤིང་ཚོགས་སུ་ཐུགས་བསྐྱེད་གནང་བས་ཐམས་ཅད་ངོ་མཚར་བར་གྲགས། དེ་ནས་ དགུང་ལོ་བཅུ་གསུམ་པ་ལ་ཁུ་བོ་འཕགས་པ་སྐུ་གཤེགས་པ་དང་གདན་སའི་འཁུར་བཀུར་ཏེ་འཕགས་པ་རིན་པོ་ཆེའི་དགོངས་རྫོགས་ལ་གསོལ་འདེབས་དང་ཚོགས་ཆོས་བཅས་གསུངས་པར་མཛད། གཞན་ཡང་ཕྱི་ནང་གི་རྟེན་གསར་བཞེངས་དང་དུས་མཆོད་རྒྱུན་འཛུགས་སོགས་བྱ་བ་རྒྱ་ཆེན་བསྒྲུབས། དགུང་ལོ་བཅུ་བཞིའི་སྟེང་ཧོར་གོང་མ་སེ་ཆེན་དང་མཇལ་ཞིང་འཕགས་པའི་གདུང་རིང་བསྲེལ་བཞུགས་པའི་ཤེལ་གྱི་མཆོད་རྟེན་དང་གཞན་གཙུག་ལག་ཁང་སོགས་གསར་བཞེངས་མཛད་དེ་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ་ཏེ་སླར་བོད་དུ་ཕེབས་པར་ལམ་བར་མདོ་ཁམས་སུ་སྐུ་གཤེགས་ཤིང་དགུང་ལོ་ཉི་ཤུ་ལྷག་ལས་མ་བཞུགས། གདན་ས་ལོ་ངོ་བདུན་བསྐྱངས་ཏེ་འཕྲོར་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་ཞལ་བདག་གནང་ནས་གསེར་ཐོག་གཡུ་ཐོག་རྣམས་དང་ལྷ་ཁང་ཆེན་མོའི་གནམ་རྒྱན་མཆོད་ཆ་དང་ཐིགས་ཁང་ལ་ཡོ་གའི་དཀྱིལ་འཁོར་གྲངས་མེད་བཞེངས་པ་སོགས་བྱ་བ་མང་པོ་བསྒྲུབས་པར་བཤད། འདི་པས་ས་སྐྱའི་གདན་ས་ལོ་ངོ་བཅོ་བརྒྱད་ཙམ་བསྐྱངས་ཤིང་དེ་ནས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་གདན་སའི་ཁུར་གཏད།
འགྲོ་མགོན་འཕགས་པ་དང་ཡུམ་མི་གཅིག་པའི་གཅུང་སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱིས་མ་གཅིག་ཁབ་སྨད་མ་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་རབ་བྱུང་བཞི་པའི་ཆུ་ཁྱི་སྤྱི་ལོ༡༢༦༢ལ་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་ལོན་པའི་དུས་འགྲོ་མགོན་འཕགས་པ་ཧོར་ཡུལ་ནས་ཡར་བྱོན་པ་དང་མཇལ་ཏེ་དབང་ལུང་མན་ངག་ལ་སོགས་པ་ཆོས་མང་དུ་གསན་ཅིང་དགུང་ལོ་བཅུ་དགུའི་སྟེང་ཁུ་བོ་འཕགས་པ་སྐུ་གཤེགས། དེའི་དུས་སུ་གདུང་རྒྱུད་འོས་བབ་ལྟ་བུ་དང་གྲགས་ཆེ་ཆུང་གི་དབང་གིས་ཡབ་སྐུ་མཆེད་ཀྱི་སྲས་སྐུ་མཆེད་གཉིས་ལས་འདི་པ་བགྲེས་པ་ཡིན་ཡང་ཕྱག་ནའི་སྲས་གདན་སར་འཁོད་པར་གྱུར། དེ་ནས་རྗེ་འདི་པ་གདུང་རྒྱུད་དངོས་ཡིན་མིན་གྱི་རྐྱེན་བྱས་ནང་མིས་ཧོར་གོང་མར་ཞུ་གཏུགས་བྱས་པར་བརྟེན། གོང་ནས་ཀྱང་རེ་ཞིག་བརྟག་དགོས་ཞེས་བཀའ་བབ་ཏེ་འདི་པ་རྒྱ་ཡུལ་དུ་གདན་དྲངས་ནས་སྨན་རྩེ་①བྱ་བའི་ཡུལ་དུ་ལོ་མང་བཞུགས་དགོས་པ་བྱུང༌། དེ་ནས་འདི་པ་དགུང་ལོ་ཉེར་བདུན་བྱོན་པའི་ཚེ་ག་ནའི་སྲས་རྷརྨ་པཱ་ལ་སྐུ་གཤེགས་ཤིང་དེ་ལ་སྲས་ཤིག་བྱུང་བ་ཆུང་དུས་ནས་འདས་པས་རེ་ཞིག་ས་སྐྱའི་གདུང་རྒྱུད་དངོས་གྱིས་གདན་ས་འཛིན་མཁན་མེད་པ་ལྟ་བུར་གྱུར་པས་ཕྱོགས་དུ་མ་ནས་ནན་ཞུ་དང་འབད་པ་བགྱིས་པར་བརྟེན་བདག་ཉིད་ཆེན་པོ་འདི་པ་རྒྱ་ཡུལ་ནས་ཡར་ཕྱིར་གདན་དྲངས། དེ་ནས་གདན་ས་འདི་པར་གཏད་ཀྱང་རེ་ཞིག་བར་ཐུགས་སྦྱོང་སོགས་ཀྱིས་བཞུགས་པས་ཤར་པ་ཆེན་པོས་མུ་མཐུད་དུ་ལོ་བཅུ་ལྷག་ལ་གདན་སའི་ཁུར་བཞེས་ཏེ་བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ་ལ་སོགས་པ་གཞན་ཕན་གྱི་བྱ་བ་མཐའ་ཡས་པ་མཛད་པར་གྲགས། དེ་ལྟར་བདག་ཉིད་ཆེན་པོ་འདི་པས་ཀྱང་ཡབ་མེས་ཀྱི་ཆོས་མ་ལུས་པ་ཐུགས་སུ་ཆུད་ནས་དགུང་ལོ་ཞེ་ལྔའི་སྟེང་གདན་སའི་ཁུར་ཆེན་པོ་བཞེས་ཏེ་བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ་དང་བླ་མ་གོང་མ་རྣམས་ཀྱི་དུས་མཆོད་དང་བུ་སློབ་ལྷ་སྡེ་མི་སྡེ་རྣམས་ཀྱི་མགོན་སྐྱོབ་ལེགས་པར་མཛད་ཅིང་རྒྱལ་ཁམས་ཆེན་པོ་ཆོས་བཞིན་དུ་བདེ་བར་འཇགས་པར་བཤད། གཞན་བླ་མ་འཕགས་པ་དང་རྷརྨ་པྰ་ལའི་གདུང་རྟེན་བཞུགས་ས་གསེར་ཏོག་དང་གཡུ་ཐོག་ལྷ་ཁང་གི་ལྕགས་རི་དང་བཅས་པའང་བདག་ཉིད་ཆེན་པོ་འདི་པ་དང་ཤར་པ་ཆེན་པོའི་སྐུ་རིང་ལ་གའི་ལེགས་པར་བཏིང་བ་སོགས་ཏེ། མདོར་ན་ཆབ་སྲིད་གཏན་ཆགས་དང་ཆོས་ལུགས་འཕེལ་རྒྱས་ཡོང་བ་བཅས་ཀྱི་ཐད་ལ་ཕྱག་རྗེས་མ་སྨད་པ་བཞག་ཅིང། སྐབས་དེར་ས་སྐྱའི་དཔལ་འབྱོར་ཡང་རྒྱས་པ་བྱུང་ཞེས་གྲགས། ཁོང་སྐུ་མ་འདས་བར་དུ་ལོ་ངོ་ཉི་ཤུ་རྩ་གྲངས་ལ་གདན་ས་འཛིན་སྐྱོང་སྤེལ་གསུམ་གྱིས་བསྐྱངས་ཏེ་དགུང་ལོ་རེ་གཅིག་པ་རབ་བྱུང་ལྔ་པའི་ཆུ་ཁྱི་སྤྱི་ལོ༡༣༢༢ལ་སྐུ་གཤེགས། འདི་ལ་རིགས་རྒྱུད་ཀྱི་སྲས་མང་དུ་བྱོན་ཅིང་ཚེ་མཇུག་ལ་ཉེ་བ་དགུང་ལོ་ང་གཉིས་སྟེང་རབ་ཏུ་བྱུང་ནས་བསྙེན་རྫོག་གནང་བར་བཤད། བདག་ཉིད་ཆེན་པོ་འདི་པའི་མན་ནས་བཟུང་ས་སྐྱ་པ་ཆེན་པོ་བླ་བྲང་ཁག་བཞིར་གྱེས་ཏེ་གདན་ས་སྤྱི་ལ་དབང་མཛད་པ་མ་བྱུང་ལ་དེའང་ས་སྐྱ་པ་ཉམས་མགོ་ཚུགས་པ་ཡིན། དེས་ན་དཔལ་ལྡན་ས་སྐྱ་པ་སྤྱི་ལ་དབང་མཛད་པའི་གདན་རབས་བཅུ་སྟེ་འཁོན་རོང་ཉིད་ཀྱི་གདུང་རྒྱུད་བརྒྱ་དང་གདུང་རྒྱུད་མ་ཡིན་པ་བ་རི་ལོ་ཙཱ་བ་དང་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གཉིས་བྱོན་པ་ཡིན་ལ། དེ་དག་ལས་གྲགས་ཆེ་ཞིང་བཀའ་དྲིན་ཅན་ནི་ས་སྐྱ་གོང་མ་རྣམ་ལྔ་ཞེས་ཡོངས་སུ་གྲགས་པའི་བླ་དཔོན་དེ་རྣམས་དང་གཞན་བདག་ཉིད་ཆེན་པོ་འདི་པ་ཡང་བཀའ་དྲིན་ཅན་དུ་བརྩི་བ་ལགས་ཤིང་འདི་དག་གི་རིང་དཔལ་ལྡན་ས་སྐྱ་པ་ཞེས་སྙན་པའི་གྲགས་པ་འཛིན་མའི་ཁྱོན་དུ་ཁྱབ་ཅིང་ཁྱད་པར་དུ་གོང་མ་རྣམ་ལྔའི་ཕྱི་མ་་གཉིས་ཀྱི་སྐུ་རིང་ནས་བཟུང་བོད་དབུས་གཙང་དང་མངའ་རིས་མདོ་ཁམས་རྒྱ་ཧོར་ལ་སོགས་པའི་ཡངས་པའི་རྒྱལ་ཁམས་ཆེན་པོའི་འགྲོ་བ་མ་ལུས་པའི་དོན་ཆོས་སྲིད་ལུགས་གཉིས་ཀྱིས་རྒྱ་ཆེན་པོ་མཛད་པ་ཡིན་ནོ། །
དེ་ལྟར་ས་སྐྱའི་གདན་ས་ཉིད་དུ་སྤྱི་ལ་དབང་བསྒྱུར་བ་ནི་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་ཡན་ཆད་ལ་བྱེད་ཅིང༌། དེ་ནས་བདག་ཉིད་ཆེན་པོའི་སྲས་ཏི་ཤྲི་ཀུན་དགའ་བློ་གྲོས་བྱ་བས་ཡུམ་མི་གཅིག་པའི་གཅུང་རྣམས་ལ་གསེར་གྱི་དམ་ཁ་དང་བླ་བྲང་གོ་བཞིར་བགོས་ཏེ་སོ་སོར་གནང་བས། ས་སྐྱའི་བླ་བྲང་ཁག་བཞི་བྱ་བ་སྟེ་གཞི་ཐོག་བླ་བྲང་དང་རིན་ཆེན་སྒང་བླ་བྲང༌། ལྷ་ཁང་བླ་བྲང་དང་དུས་མཆོད་བླ་བྲང་བཅས་པ་བྱུང༌། དང་པོ་གཞི་ཐོག་བླ་བྲང་ནི་མཁས་བཙུན་སྐུ་མཆེད་གཉིས་ཀྱིས་བསྐྱངས་ཤིང༌། གཉིས་པ་རིན་ཆེན་སྒང་བླ་བྲང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་ཀྱིས་བསྐྱངས། གསུམ་པ་ལྷ་ཁང་བླ་བྲང་ཏི་ཤྲི་ཀུན་དགའ་ལེགས་འབྱུང་སྐུ་མཆེད་ཀྱིས་བསྐྱངས་ཤིང༌།བཞི་པ་དུས་མཆོད་བླ་བྲང་དབང་ཀུན་དགའ་ལེགས་པ་བཅས་ཀྱིས་སྐྱོང་བར་མཛད་པས་དེ་ལ་གདུང་རྒྱུད་བཞུགས་པའི་བླ་བྲང་བཞི་ཞེས་ཀྱང་གྲགས། དེ་ནས་གདན་ས་སྤྱི་ལ་དབང་མཛད་མཁན་མ་བྱུང་རུང་གཞི་ཐོག་བླ་བྲང་ཆེན་མོར་གསུང་ཆོས་སོགས་འཚོགས་ནས་དུས་ཕྱིས་བར་དུ་ཆོས་རྒྱུན་མ་ཆད་པར་བཤད་ལ། ཡང་གཞིས་ཀའི་ཀདུང་རབས་ཀྱང་དེ་མཚུངས་རྒྱུན་མ་ཆད་པར་བྱོན་པ་དུས་ཕྱིའི་བར་དུའང་བཞུགས་ཡོད་ཚུལ《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》ཅེས་པའི་དེབ་ཀྱི་མཇུག་ཏུ་བཀོད་ཡོད་ཀྱང༌། སྐབས་དེ་ནས་བཟུང་ས་སྐྱ་པ་ཉམས་རྒུད་ཀྱི་ལམ་དུ་ཆས་པ་ཡིན་པས་ཕྱིས་སུ་བོད་ཡོངས་ཀྱི་ཆབ་སྲིད་ལ་ཤུགས་རྐྱེན་ཆེན་པོ་མ་ཐེབས་པས་འདིར་གླེང་དགོས་དོན་མེད་དོ།། དེ་ལྟར་ས་སྐྱ་གོང་མ་རྣམ་ལྔའི་རྣམ་ཐར་རྒྱས་པ་དང་བླ་བྲང་ཁག་བཞིའི་ལོ་རྒྱུས་སོགས་ཞིབ་རྒྱས་སོ་སོའི་རྣམ་ཐར་དང་ས་སྐྱའི་གདུང་རབས། རྒྱ་བོད་ཡིག་ཚང་སོགས་ལས་ཤེས་པར་བྱ་ལ་འདིར་མཚོན་ཙམ་རེ་བཀོད་པ་ལགས་སོ།།


Copyright © 2014.Sakya Tsechen Association. All Rights Reserved.