Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

ཡབ་ངག་དབང་ཀུན་དགའ་རིན་ཆེན་དང་ཡུམ་བོང་ཤོད་པའི་སྲས་མོ་བསོད་ནམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ཤིང་མོ་བྱ།ཕྱི་ལོ་༡༩༤༤ལོའི་ཟླ་བ་བརྒྱད་པའི་ཚེས་གཅིག་ཉིན་བྱིན་རླབས་ཀྱི་གཟི་འོད་འབར་བའི་གདན་ས་འོག་མ་རྩེ་གདོང་ཆོས་སྡེ་སྲིད་གསུམ་རྣམ་རྒྱལ་གླིང་དུ་ཕྱི་ནང་གི་བཀྲ་ཤིས་པའི་མཚན་མ་ཡོངས་སུ་གཏམས་ཏེ་སྐུ་བལྟམས་སོ།དེའི་ཚེ་འཇའ་འོད་ཀྱི་གུར་ཕུབ།མེ་ཏོག་གི་ཆར་བབས།འབྲི་བརྒྱའི་འོ་མ་རྩེ་ཕུད་དང་ཨོ་རྒྱན་པདྨའི་སྐུ་བརྙན་གྱི་མཆོད་བཀུར་འབུལ་མི་མ་བསྒྲིགས་ལྷུན་འགྲུབ་ཏུ་བྱུང་བ་སོགས་དེར་ཡོད་ཀུན་གྱིས་མཐོང་ཡུལ་དུ་གྱུར།རྗེ་འདི་ཉིད་ཀྱི་སྐུ་ཚེ་འདིའི་སྔ་རོལ་དུ་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་པར་བཞེས་པ་ལས་སྤྲུལ་པའི་སྔགས་འཆང་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དང་ཨོ་རྒྱན་རྒྱལ་བའི་གདུང་འཚོབ།གཏེེར་ཆེན་འཕྲིན་ལས་གླིང་པའམ་ཡོངས་གྲགས་སུ་ཨ་པཾ་གཏེར་སྟོན་ཞེས་ཡོངས་སུ་གྲགས་པའི་གཏེར་ཆེན་དེ་གཉིས་སླར་བསམ་བཞིན་དུ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་སྐུའི་སྐྱེ་བར་བཞེངས་པར་རྡོ་རྗེ་འཆང་དྲག་ཤུལ་འཕྲིན་ལས་རིན་ཆེན་དང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་མཁས་གྲུབ་དུ་མས་ལུང་བསྟན་པ་དང་ཨ་པཾ་གཏེར་སྟོན་ལྷ་ལྡན་ཕྱོགས་སུ་གནས་གཟིགས་ལ་ཕེབས་སྐབས་ཀྱི་ལོ་རྒྱུས་གསལ་བའི་སྒྲོན་མེ་ཞེས་པ་སོགས་ལས་གསལ་ལོ།སྔ་ཕྱིར་ཡབ་རྗེ་སྔགས་འཆང་ཀུན་དགའ་རིན་ཆེན།མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ།བླ་མ་ངག་དབང་བློ་གྲོས་རིན་པོ་ཆེ།འཇམ་དབྱངས་ཆོས་ཀྱི་བློ་གྲོས།གཟིམ་འོག་རྡོ་རྗེ་འཆང་།མཁན་ཆེན་འཇམ་དཔལ་བཟང་པོ།རྫོང་སར་མཁན་ཆེན་ཐུབ་བསྟན།༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ།བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་།ཕན་བདེ་མཁན་རིན་པོ་ཆེ།ཡོངས་འཛིན་གླིང་རིན་པོ་ཆེ།སྡེ་གཞུང་རིན་པོ་ཆེ།རི་སྐེད་བྱ་བྲལ་རིན་པོ་ཆེ།མཁན་ཆེན་ཨ་པད་རིན་པོ་ཆེ།མཁན་ཆེན་ཀུན་དགའ་དབང་ཕྱུག མཁན་ཆེན་རིན་ཆེན་བཟང་པོ།བྱ་བྲལ་བྱང་ཆུབ་རྡོ་རྗེ།འཁྲུལ་ཞིག་རིན་པོ་ཆེ་ལ་སོགས་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་སྤྲོ་བ་ཆེན་པོའི་སྒོ་ནས་ཁ་བ་ཅན་དུ་གྲགས་པའི་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལ་གསན་བསམ་སྒྲོ་འདོགས་བཅད་དེ་སྒྲུབ་པའི་རྒྱལ་མཚན་བཙུགས།ལྷག་པར་དུ་དཔལ་ལྡན་ས་སྐྱ་པའི་དབང་དང་།རྒྱུད།མན་ངག་ཁྱད་པར་དུ་མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་སྙིང་ཁྲག་གི་ཟུངས་ལྟ་བུའི་སྙན་བརྒྱུད་ལ་སོགས་པའི་གདམས་པ་དེང་བཞུགས་སོ་ཅོག་པའི་ཆུ་བོ་མ་ལུས་པ་རྣམས་ཐུགས་ཀྱི་རྒྱ་མཚོར་བསྐྱིལ་ཏེ་ཡོངས་རྫོགས་མདོ་སྔགས་ཆོས་ཀྱི་གན་མཛོད་ཆེན་པོར་གྱུར།དེའི་རྒྱུ་ཅན་ལས་བོད་ཀྱི་ཆོས་བརྒྱུད་རྣམས་བཞིས་ནམ་ཡང་བདག་གཉེར་མ་ཐུབ་པའི་ཆོས་བརྒྱུད་རྣམ་བཞིའི་གདམས་པའི་ཆོས་ཚུལ་རྣམས་མགོན་པོ་འདིའི་ཐུགས་ཀྱི་མཆོད་སྡོང་གཟི་བྱིན་གྱི་འོད་སྟོང་ཕྱོགས་བརྒྱར་རབ་ཏུ་འབར་བར་བཞུགས་པའི་ངོ་མཚར་གྱི་ཟློས་གར་གསར་པ་ཤར་རོ།མང་དུ་ཐོས་ནས་བསམ་པའི་དོན་ཉིད་ཡང་ཡང་རྩེ་གཅིག་ཏུ་བསྒོམས་པས་བརྗོད་བྲལ་བློ་འདས་གསང་སྔགས་ཟབ་མོའི་དྲོད་རྟགས་མ་ལུས་པ་མངོན་དུ་གྱུར་ཏེ་གྲུབ་པའི་གོ་འཕང་ཀུན་གྱི་རྩེ་མོར་གཤེགས་སོ།རྡོ་རྗེ་གསུམ་གྱི་དམ་ཚིག་གཙང་ཞིང་དག་པས་ཡོངས་འཛིན་དགེ་བའི་བཤེག་གཉེན་མ་ལུས་པའི་དཀྱིལ་འཁོར་ཡི་དམ་ལྷའི་རང་ཞལ་དུ་གསལ་བར་མཇལ།ལྷག་པར་དུ་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་མཆོག་གི་ཞལ་སྔ་ནས་སྐུ་ཚེ་རབས་རྒྱུན་གཏན་ཡོངས་ཀྱི་རིགས་བདག་ཏུ་བཞེངས།འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས་ཀློང་ཆེན་སྙིང་ཐིག་གི་ཆོས་ཚུལ་མ་ལུས་པ་གདམས་པ་སྒོ་སྐྱེལ་དུ་ཕེབས།དེའི་ཚེ་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སློབ་གཡོན་རུ་གཏེར་སྲས་ལ་སོགས་ནས་སྙིང་ཐིག་གི་ཚེས་བཅུ་ཉེར་ལྔ་གསུངས་པའི་ཚེ་མགོན་པོ་འདི་ཉིད་ཀྱིས་སྔོན་གྱི་གཏེར་ཆེན་གྱི་རོལ་གར་གསལ་བར་བསྟན།རྡོ་རྗེ་ཕུར་པའི་སྨད་ལས་གྲོལ་དབང་གི་ཚེ་འཇམ་མགོན་ཆོས་ཀྱི་བློ་གྲོས་མཆོག་གིས་མགོན་པོ་འདི་ཉིད་བཻ་རོ་ཙ་ནའི་རྣམ་འཕྲུལ་སྔགས་འཆང་ཀུན་དགའ་རིན་ཆེན་ཉིད་དུ་གསལ་བར་མཇལ།བསམ་ཡས་སུ་ཆིབས་ཀྱི་ཞལ་ཁ་བསྒྱུར་སྐབས་བསམ་ཡས་གནོད་སྦྱིན་ཆེན་པོས་སྐུ་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་རྣམ་བཞིའི་འཕྲིན་ལས་སྒྲུབ་པའི་ཐ་ཚིག་བསྩལ།ཡང་བི་མལ་མི་ཏྲའི་བླ་སྒྲུབ་ཚེ་འཇམ་མགོན་ཆོས་ཀྱི་བློ་གྲོས་མཆོག་དགྱེས་པའི་འཛུལ་ཞལ་གསལ་བར་མཇལ་བའི་སྐབས་སུ་ཟབ་རྒྱས་གསུང་གི་སྐལ་བཟང་བྱིན་ཅན་མནོས།དེ་བཞིན་མགོན་པོ་ཞལ་གྱི་བསྙེན་མཚམས་ཚེ་ངེས་པ་དོན་གྱི་གྲུབ་རྟགས་མངོོན་དུ་གྱུར་ནའང་ཆོས་སྐྱོང་བཀའ་གཉན་པས་ཐུན་མོང་དུ་བྲིར་མ་ནུས་ཞེས་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦས་པའི་དམ་པ་གོང་མའི་རྣམ་ཐར་བདག་གིར་མཛད་པ་ལ་སོགས་པའི་བླ་མ་ལྷ་ཡིས་རྗེས་སུ་བཟུང་བའི་ཆེ་བའི་ཡོན་ཏན་བང་མཛོད་དུ་གྱུར་ཏོ།སྐུ་ན་ཆེས་ཕྲ་མོའི་དུས་སུ་ཡབ་ཡུམ་ཟུང་གིས་བུ་ག་ནས་འོང་།སྡོད་ས་གང་འདྲ་ཡོད་གསུངས་པར།ང་ས་ཐག་རིང་པོ་ནས་འོང་།སྡོད་ས་སྦྲ་གུར་ན་ཡོད་ཅེས་དང་།གསུང་གི་སྒོ་མོ་དང་པོར་ཕྱེ་བའི་ཚེ་རང་བྱུང་དུ་འགོ་ལོག་གི་སྐད་སྨྲ་བ་དང་།ཨ་པཾ་གཏེར་སྟེར་ཆེན་གྱི་ཞལ་ཆེམས་ལྟར་ས་སྐྱར་གཏེར་སྲས་མཆོག་གིས་ན་ཚོད་ཆེས་ཤིན་ཏུ་ཕྲ་བའི་མགོན་པོ་འདི་ཉིད་མཇལ་དུ་ཕེབས་སྐབས་སུ་སྲུ་མོ་བཀའ་དྲིན་ཅན་གྱི་ཞལ་ནས་འདི་སུ་རེད་གསུངས་པར།འདི་ངའི་བུ་རེད་ཅེས་གསུངས་པ་དང་།དེའི་ཚེ་ཡུམ་གྱིས་བསྐུར་བའི་གསེར་གྱི་ཚིག་ཁེབ་མཛུབ་མོར་བཞེས་ནས་མཉམ་བཞག་ལ་བཞུགས་པ་དང་།ཡང་མགོན་པོ་རང་གི་གསོལ་སྡེར་ནང་གི་ཁ་ཟས་རྣམས་ཀྱང་ཨ་པཾ་གཏེར་ཆེན་གྱི་རིགས་སྲས་མཆོག་གི་གསོལ་སྡེར་ནང་དུ་བཞག་གནང་བ་ལ་སོགས་པའི་ངོ་མཚར་མཛད་པའི་གངས་རི་མཆོག་དེ་རིགས་སྲས་ཀྱིས་མཇལ་བའི་ཚེ་ཡིད་ཆེས་མོས་གུས་ཀྱི་ཉི་མ་ཤར་ཏེ་འདྲེན་བྱེད་ཟུང་ནས་དགའ་སྤྲོའི་དལ་འགྲོ་རྒྱུན་བཟང་ཕེབས།བལ་ཡུལ་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྨད་ལས་གྲོལ་དབང་གི་དུས་སུ་ལིངྒ་གཟས་པ་པོར་བསྙེན་ཕུར་བཏབ་པས་སྐད་ངན་ཙེ་རེ་བཏོན་པ་མང་པོས་ཐོས་ཤིང་སྐུའི་མེ་འོད་དང་རླུང་འཚུབ་ནང་ནས་ཁྲོ་བཅུ་རེ་རེ་བཞིན་ཐོན་པ་འགའ་ཞིག་གིས་གསལ་བར་མཐོང་བར་གྲགས་པ་ལ་སོགས་པའི་ཐོགས་བྲལ་གྱི་མངོན་ཤེས་དང་གྲུབ་པའི་མཚན་མ་མཐའ་ཡས་པ་མངའ་བ་ཡིན་ནོ།ལྷག་པར་དུ་དེང་གི་དུས་འདིར་ཁྱབ་བདག་རྡོ་རྗེ་འཆང་གི་སྐུ་ངོ་མར་བཞེངས་ཏེ་ལོ་སྦྲེལ་ཟླ་སྦྲེལ་དུ་ཀུན་གྱི་མ་ནུས་པའི་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ།རྒྱུད་སྡེ་ཀུན་བཏུས།གསུང་ངག་རིན་པོ་ཆེ་སོགས་རྨད་བྱུང་རྒྱུད་ཀྱི་ཆོས་འཁོར་བསྐོར་བར་མཛད་དེ་དཔག་མེད་པའི་གདུལ་བྱ་རྣམས་མ་སྨིན་པ་སྨིན་པར་དང་།སྨིན་པ་གྲོལ་བ།གྲོལ་བ་མཆོག་གི་ལམ་ལ་བཀོད་པ་མཛད་དང་མཛད་བཞིན་པའོ།དེ་ལྟ་བུའི་དམ་པ་འདིས་ཟབ་རྒྱས་ཀྱི་ལེགས་བཤད་མང་དུ་བརྩལ་བར་བརྟེན་གསུང་གི་བདུད་རྩི་ལ་རོལ་བའི་ཐུགས་སྲས་བུ་སློབ་ཀྱང་།འཇམ་དཔལ་མིའི་རྣམ་རོལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས།ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་སྲས་མཆོག་རྣམ་པ།ཚར་ཆེན་རྒྱལ་བའི་གདུང་འཚོབ་སྐྱབས་མཆོག་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་།ངོར་ཆེན་རྒྱལ་བའི་རྒྱལ་ཚབ་མཁན་ཆེན་ཤར་ཆེན་ཀླུ་ལྡིང་པ།ངོར་ཁང་སར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ།ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།ངོར་ཀླུ་ལྡིང་དང་ཐར་རྩེ་མཁན་ཆེན་རྣམ་གཉིས།སྤྲུལ་སྐུ་རྡོ་རྗེ་གདན་པ་རིན་པོ་ཆེ།རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།སྐྱབས་རྗེ་སྡེ་གཞུང་རིན་པོ་ཆེ།སྐྱབས་མཆོག་ཁྲ་རིགས་རིན་པོ་ཆེ།མཁན་ཆེན་ཨ་པད་རིན་པོ་ཆེ།མཁན་ཆེན་ཀུན་དགའ་དབང་ཕྱུགམཁན་ཆེན་རིན་ཆེན་བཟང་པོ།མཁན་ཆེན་སངས་རྒྱས་བསྟན་འཛིན།ངོར་པའི་ཞབས་དྲུང་རྣམ་པ།ཚར་པའི་ཞབས་དྲུང་རྣམ་པ།འཇིགས་བྲལ་བདུད་འཇོམས་རིན་པོ་ཆེ།འཇམ་མགོན་དིལ་མགོན་མཁྱེན་བརྩེ་རིན་པོ་ཆེ།སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ།སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ།བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ།བྱ་བྲལ་བྱང་ཆུབ་རྡོ་རྗེ་རིན་པོ་ཆེ།མཁས་དབང་ནམ་མཁའི་ནོར་བུ།རྒྱལ་བ་ཀརྨ་པ་སྐུ་གོང་འོག་ཞྭ་དམར་རིན་པོ་ཆེ།རྒྱལ་ཚབ་རིན་པོ་ཆེ།སིཏུ་རིན་པོ་ཆེ།ཀོང་སྤྲུལ་རིན་པོ་ཆེ།ཀུན་བདེ་གླིང་རིན་པོ་ཆེ།མཆོག་སྤྲུལ་ནམ་མཁའ་སྙིང་པོ།བོ་དོང་སྤྲུལ་སྐུ།ཁལ་ཁ་རྗེ་བཙུན་རིན་པོ་ཆེ་སོགས་གངས་ཅན་གྱི་ལྗོངས་ཀྱི་འདིར་ཆེན་པོར་གྲགས་པའི་རིས་མེད་བསྟན་འཛིན་ཀྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བཞུགས་ནའང་འདིར་ཡིག་ཚིགས་ལ་འཇིགས་ཏེ་རེ་རེ་ནས་མ་བགྲངས་སོ།དེ་ལྟར་བཤད་སྒྲུབ་བསྟན་པའི་ཁང་བཟང་འདེབས་པར་མཛད་པའི་སློབ་ཚོགས་ཀ་ཆེན་མང་དུ་བསྐྲུན་ནས་རྒྱལ་བའི་བསྟན་པ་རིན་པོའི་རྒྱུན་ཡར་ཟླའི་རྗེས་སུ་བསྙེགས་པར་མཛད་ཅིང་།ལྷག་པར་དུ་འཕགས་ཡུལ་མདོ་སྔགས་བསྟན་པའི་འབྱུང་གནས་སྒྲོལ་མ་ཕོ་བྲང་གསར་དུ་བཏབ།དེ་བཞིན་ས་སྐྱ་མ་དགོན་རྣམ་གཉིས།ས་སྐྱ་མཐོ་སློབ།མ་དགོན་བཤད་གྲྭ།བཙུན་དགོན་རིན་ཆེན་གླིང་།བཙུན་མའི་བཤད་གྲྭ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཕུན་ཚོགས་གླིང་།གདན་ས་དང་འདབ་འབྲེལ་དུ་གནས་པའི་ས་སྐྱའི་གཞི་ཆགས་བཅས་གསར་དུ་བཏབ།དེ་བཞིན་ཨ་རི་དང་སིངྒཱ་པུར་ལ་སོགས་སུ་རྒྱལ་བསྟན་ཡུན་རིང་དུ་གནས་ཕྱིར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བསྐྲུན་པ་མཛད།མདོར་ན་ཆུ་མོ་འབྲུགཕྱི་ལོ་༡༩༥༢ལོར་སྔོན་འགྲོའི་ཁྲི་འདོན་དང་ས་མོ་ཕག་༡༩༥༩ལོར་ཁྲི་འདོན་དངོས་གཞི་མཛད་པ་ནས་བཟུང་འཁོར་ལོ་གསུམ་གྱི་མཛད་པ་མཐའ་ཡས་པ་བསྐྱངས་ཤིང་དེང་གི་ཆར་ཡང་སྙིགས་མའི་སྐྱེས་བོ་དམུ་རྒོད་རྣམས་ཀྱི་བློ་དང་འཚམས་པའི་ཆོས་འཁོར་བསྐོར་དང་སྐོར་བཞིན་མཆོག་སྐུ་མི་ཤིགས་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་བཞུགས་བཞིན་པ་ལགས་སོ།  །


Copyright © 2014.Sakya Tsechen Association. All Rights Reserved.