མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་དམ་ཆོས་མཆོག་ནི། བོད་མདོ་སྟོད་མི་ཡི་ཆོལ་ཁ་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས། བྲག་གཡབ་རྔད་པ་གྲོང་ཞེས་བྱ་བར། ཆོས་ལ་དཀར་ཞིང་ཡ་རབ་འབྱོར་ཕྱུག་ལྡན་པའི་གཞིས་ཀ་གྲོང་སྨད་ཚང་། ཡབ་ངག་དབང་ཆོས་གྲགས་དང་ཡུམ་རྣམ་རྒྱལ་ལྷ་མོ་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༩༣༣དང་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོའི་བོད་ཟླ་དང་པོའི་ཚེས༥ཉིན་ངོ་འཚར་བའི་ལྟས་དང་བཅས་སྐུ་ཡི་མཚན་དཔེའི་མེ་ཏོག་གསར་དུ་བཞད། ཆུང་ངུའི་དུས་ནས་བྱིས་པའི་སྤྱོད་པ་ལས་འདས་ཤིང་དམ་པའི་ངང་ཚུལ་རང་ཆས་སུ་མངའ་བ་ཞིག་ལགས་ཏེ། དགུང་གྲངས་དྲུག་ལ་ཕེབས་དུས་ནས་སྐྱབས་འགྲོ་དང་སྒྲོལ་བསྟོད་སོགས་ཐུགས་ཐོག་ནས་གསུང་ཤེས་པ་ཞིག་ཡོད་ཟེར། དགུང་གྲངས་བརྒྱད་ལ་ཕེབས་དུས་ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་སློབ་པའི་དབུ་ཚུགས། དགུང་གྲངས་དགུ་ལ་ཕེབས་དུས་ཅི་ཡང་མ་ཉེས་བཞིན་དུ་ཡབ་ཡུམ་ཉེ་དུ་བཅས་པ་ཆབ་མདོར་བཙོན་ཁང་དུ་ཚུད། དགོངས་གྲངས་བཅུ་ལ་ཕེབས་དུས་ཡབ་བཙོན་ཁང་ན་གནལ་གཅོད་ཀྱིས་གྲོང་། བཙོན་ཁང་དུ་ཡབ་ཀྱི་དགེ་རྩ་རུ་དམིགས་ཏེ་ཐར་མདོ་བརྒྱ་ཚར་ཞིག་ཞལ་འདོན་གནང་། གནས་ཚུལ་དེ་རྫོང་སར་དུ་བཞུགས་པའི་སྐུ་ཞང་སེངྒེ་དགྲ་འདུལ་གྱིས་གསན་ནས་ཆབ་མདོར་ཕེབས་ཏེ། གཞན་རྣམས་སླུ་ཡོན་གྱིས་མ་འདངས་རུང་རིན་པོ་ཆེ་མཆོག་ཆབ་མདོ་རྫོང་དཔོན་ལ་དངུལ་གྱིས་གཞལ་ནས་བསླུས་མཛད་དེ་ཡབ་ཡུལ་དུ་གདན་དྲང་། དགུང་ལོ་བཅུ་གཉིས་ལ་ཕེབས་པའི་ཚེ་སྐུ་ཞང་གི་རྗེས་སུ་འབྲངས་ཏེ་རྫོང་སར་དུ་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསེར་ཞལ་དངོས་སུ་འཇལ་ཞིང་། ཐུགས་བརྩེ་བ་ཆེ་པོས་རྗེས་སུ་གཟུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བསྩལ་ཞིང་པདྨ་དམ་ཆོས་ཞེས་བྱ་བའི་མཚན་གྱི་ཅོད་པཎ་གསོལ། དེ་ནས་དགུང་གྲངས་བཅོ་ལྔ་ལ་ཕེབས་རག་བར་ཡར་མར་ལ་ཡུམ་རྒྱས་འབྲིང་སོགས་ལྗགས་ཀློག་གནང་བཞིན་ཕེབས་པས་མཆོད་ཕྲུག་མ་རུ་གྲགས་པ་བྱུང་། དེ་ནས་སྡེ་དགེ་རྫོང་སར་ཁམས་བྱེའི་བཤད་གྲྭ་བཤད་སྒྲུབ་དར་རྒྱས་གླིང་དུ། མཁན་ཆེན་ཆོས་ཀྱི་རྒྱལ་པོ་མདོ་སྲིབ་ཐུབ་བསྟན་རྒྱལ་མཚན་དང་མི་ཉག་དམ་ཆོས་འོད་ཟེར། བྲག་གཡབ་མཁྱེན་རབ་སེངྒེ་བཅས་ཀྱི་ཞབས་ལ། རིམ་བཞིན་ལོ་གསུམ་དང་ལྔ་དང་གཉིས་བཅས་ཁྱོན་ལོ་བཅུ་ལ་བཏུད་ནས། སོ་ཐར་མདོ་དང་མདོ་རྩ་འདུལ་བའི་སྐོར། །ཚད་མདོ་རྣམ་འགྲེལ་རྣམ་ངེས་རིགས་གཏེར་སྐོར། །མཛོད་དང་ཀུན་ལས་བཏུས་པ་མངོན་པའི་སྐོར། །རྩ་འཇུག་བཞི་གསུམ་ཆེས་ཟབ་དབུ་མའི་སྐོར། །བྱམས་ཆོས་ལྔ་དང་སྤྱོད་འཇུག་ཕལ་ཕྱིན་སྐོར། །སྡེ་སྣོད་སྤྱི་ཡི་དགོང་འགྲེལ་སྡོམ་གསུམ་སྟེ། །དེ་རྣམས་གྲགས་ཆེན་བཅོ་བརྒྱད་ཞེས་སུ་གྲགས། །ཞེས་པ་ལྟར་གྱི་གྲགས་ཆེན་བཅོ་བརྒྱད་དང་རིགས་ཚོགས་ཕྱི་མ་དག་དང་བསྟོད་ཚོགས་གཏམ་ཚོགས། སྒོམ་རིམ་ཐོག་མཐའ་བར་གསུམ་དང་ས་པཎ་གྱི་གསུང་རབ་ཁག་དང་ལྔ་པཎ་སྡོམ་གསུམ། དེ་བཞིན་སྤྱི་ལྗོན་བརྟག་གསུམ་གྱི་སགཙོས་པའི་རྒྱུད་སྡེའི་སྐོར་བཅས་འགྲེལ་བ་ཆ་ལགས་དང་བཅས་པ་ཚུལ་བཞིན་དུ་གསན་བསམ་མཛད། །དགོང་གྲངས་ཉི་ཤུ་ལ་ཕེབས་སྐབས་མི་ཉག་དམ་ཆོས་འོད་ཟེར་པས་མཁན་པོ་མཛད་པ་སོགས་དགེ་འདུན་གྲངས་ཚང་བ་ཁ་སྐོང་དང་བཅས་པའི་མདུན་ནས། ཚིག་གསུམ་རིམ་ནོད་གྱིས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རུ་བསྒྲུབས་ཤིང་མཚན་ལུང་རིག་སྨྲ་བའི་ཉི་མ་རུ་གསོལ། བཤད་གྲྭར་བཞུགས་སྐབས་ལོ་ལྔ་ལ་གསོལ་ཇ་བ་དང་ལོ་ཕྱི་མ་ལྔ་ལ་སྐྱོར་དཔོན་གྱི་འགན་བཞེས་པར་མཛད། མཁྱེན་རྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་མདུན་ནས་སྔ་ཕྱིར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཚར་གཉིས་དང་། སྒྲུབ་ཐབས་ཀུན་བཏུས་དང་ངལ་གསོ་སྐོར་གསུམ་དང་རང་གྲོལ་སྐོར་གསུམ་སོགས་ཀྱི་སྨིན་གྲོལ་ཆ་ལགས་དང་བཅས་པ་གསན་ནས། མཐའ་ཐུགས་ཀྱི་རིགས་ཀྱི་བདག་པོ་རུ་བསྟེན་ཅིང་ཐུགས་ཡིད་དབྱེར་མེད་དུ་འདྲེས། ས་སྐྱ་ཕུན་ཚོགས་ཕོ་བྲང་པ་ཆེ་པོ་ངག་དབང་ཀུན་དགའ་བསོད་ནམ་པའི་མདུན་ནས་ས་ལུགས་རྡོ་རྗེ་གཞོན་ནུའི་སྟོད་སྨད་ལས་ཀྱི་དབང་ཡང་གསན་པར་མཛད། དགུང་གྲངས་ཉེར་ལྔ་ལ་ཕེབས་ཤིང་སྤྱི་ལོ༡༩༥༨ལོར་མཁན་ཆེན་མཁྱེན་རབ་སེངྒེའི་བཀའ་བཞིན་སྡེ་དགེ་ལྷུན་གྲུབ་སྟེང་འཛི་ཕུ་བཤད་གྲྭའི་མཁན་པོ་རུ་ཕེབས། ཟླ་དགུ་ཙམ་ལ་འཆད་ཉན་གནང་མཐར་བཙོན་ལ་ཟླ་བ་གསུམ་ཙམ་དུ་ཚུད་ནས་མནར་གཅོད་བསམ་ཡུལ་ལས་འདས་པ་མྱོང་ཞིང་དངུལ་ཕུའི་མཉམ་ལས་ཁང་དུ་ལོ་གཅིག་ལུས། ༡༩༦༡ལོར་རིམ་བཞིན་འཇོ་མདའ་དང་གོ་འཇོ་བརྒྱུད་བྲག་གཡབ་རྩིབས་བཀྲམ་རི་ཁྲོད་དུ་ཕེབས། ཕྱོགས་དེར་མཁན་པོའི་མཚན་གནས་ཡོད་པ་ཤེས་མཁན་ཉུང་བ་དང་ས་ཁུག་ཡིན་པའི་རྐྱེན་གྱིས་སྐུ་ངལ་ཆེར་མ་བྱུང་། ཁྲོམ་མཐའ་བླ་མ་བློ་དགའ་ཞེས་བྱ་བ་ཞིག་གི་མདུན་ནས་མཁའ་སྤྱོད་ཁྲིད་དང་སྒྲུབ་ཐབས་བརྒྱ་རྩ་བཅས་གསན། དེ་ལྟ་བུའི་ངང་ལོ་བཅུ་ཙམ་འདས་པའི་རྗེས་དགུང་གྲངས་སོ་བརྒྱད་ལ་ཕེབས་པའི་ཚེ། ལྐུང་མདའ་རུ་ཁག་ཏུ་མི་ཐོ་སྤོས་ཞིང་ཡུལ་དེའི་མི་མང་ཚང་མས་རོགས་སྐྱོར་བཟང་པོའི་འོག་ཡང་དགོན་རི་ཁྲོད་དུ་ཞིང་སྲུང་བར་ཁ་གཡར་ནས་བཞུགས་པས་དགེ་སྦྱོང་འཕེལ་པོ་རང་བྱུང་གསུངས། དེ་སྐབས་ཤིག་ལ་གོ་འཇོ་ཀླུ་ཕུག་ཏུ་ཕེབས་ནས་མཁན་ཆེས་གཞན་དགའི་དངོས་སློབ་མཁན་ཆེན་གཞན་ཕན་ལེགས་གྲུབ་བམ་ཡོང་གྲགས་སུ་ཀླུ་ཕུག་བླ་མ་ཞུ་བའི་ཞབས་པད་གཉེས་པ་གསུམ་གྱིས་བསྟེན་ནས། ཀློང་སྙིང་བླ་མའི་དབང་དང་སྔོན་འགྲོའི་ཁྲིད་ཀུན་བཟང་ཞལ་ལུང་། རྫོགས་པ་ཆེ་པོའི་ཟབ་ཁྲིད་ཁྲིག་ཆོད་དང་ཐོད་རྒལ། དེ་བཞིན་རིག་པའི་རྩལ་དབང་འཁོར་འདས་རུ་ཤན་གྱི་དམར་ཁྲིད་བཅས་ཚུལ་བཞིན་གསན་ནས་ཐུགས་ཉམས་སུ་བཞེས། ༡༩༧༤ལོར་ཀླུ་ཕུག་བླ་མར་རྟོགས་འབུལ་ཞུས་པས་གཉེས་པ་རབ་ཀྱི་མཐར་སོན་ཞིང་རཏྣ་གླིང་པའི་ཚེ་སྒྲུབ་ཀྱི་དབང་གསན། དེ་ནས་མི་རིང་བར་བླ་མ་ཞི་བར་གཤེགས་པ་གསན་ནས་དགོངས་རྫོགས་དང་བླ་སྒྲུབ་ལ་བརྩོན་པ་ཆེ་པོ་གནང་། དེ་སྐབས་ཤིག་ལ་མཁན་ཆེན་མཁྱེན་རབ་སེངྒེའི་མདུན་ནས་ཡེ་ཤེས་བླ་མའི་རིག་པའི་རྩལ་དབང་སོགས་གསན། ༡༩༨༡ལོར་ཀླུ་ཕུག་དགོན་དུ་བླ་མའི་སྐུ་གདུང་རིང་བསྲེལ་གྱི་ཕུང་པོ་ལ་གདུང་རྟེན་བཀོད་ལེགས་ཤིག་གཞེང་གནང་མཛད། ཞལ་སློབ་རྣམས་ལ་མཛོད་བདུན་གྱི་ལུང་གནང་། དེ་ནས་ཡང་དགོན་ཁར་སྐུ་འཚམས་དམ་པོ་ལ་བཞུགས་ནས་བྱ་རྒྱུད་རིགས་གསུམ་སྤྱི་སྒྲུབ་དང་འབྱུང་འདུལ། བླ་མེད་ཀྱེ་རྡོར་གཞི་བསྙེན་དང་། སྨིན་གླིང་རྡོར་སེམས། མཐའ་རྟེན་དུ་སྒྲོལ་དཀར་ཚེ་སྒྲུབ་བཅས་ཀྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་འཛད། ༡༩༨༣ལོར་ལྷུན་གྲུབ་སྟེང་དུ་དབྱར་གནས་སྐྱར་འཛུགས་ཀྱི་མཁན་པོ་མཛད། ལོ་དེར་ཀླུ་ཕུག་ཏུ་མདོ་རྩ་དང་བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ནས་ཡང་དགོན་ཁར་དོན་གཉེར་བ་བཞི་བཅུ་ལྷག་ལ་འཆད་ཁྲིད་ཀྱི་དབུ་ཚུགས། ༡༩༨༣ལོར་སླར་དགོན་ཆེན་གྱི་དབྱར་གནས་མཁན་པོ་དང་། ལོ་དེའི་དགུན་ཁར་ནང་ཆེན་ཙོང་མདའ་དགོན་དུ་མཆད་ཉན་དང་འདུས་མང་ལ་སྨིན་གྲོལ་རྒྱ་ཆེན་བསྩལ། ཞོར་དུ་བླ་མ་ཚེ་འབྱོར་མདུན་ནས་ཀློང་སྙིང་ཆོས་སྐོར་འགའ་ཡང་གསན་པར་མཛད། ༡༩༨༥ལོར་ཀླུ་ཕུག་ཏུ་འཆད་ཉན་གྱི་འཕྲོ་སྐྱངས། དེ་ནས་མཁྱེན་བརྩེ་སྐུ་ཕྲིང་གསུམ་པའི་གསུང་འཕྲིན་འབྱོར་ནས་རྫོང་སར་དུ་ཕེབས་དགོས་སྐོར་ཞུས། ༡༩༨༦ ལོར་ཡང་དགོན་ཁར་འཆད་ཉན་གྱི་རྒྱུན་བསྐྱངས། བོད་ཟླ་ལྔ་པའི་ནང་ཝ་ར་དགོན་དུ་ངོར་ཁང་སར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོའི་མདུན་ནས། གསུང་ངག་རིན་པོ་ཆེས་གཙོས་སྨིན་གྲོལ་མཐའ་ཡས་པ་གསན། དེ་ནས་རྫོང་སར་ནས་བསུ་མ་འབྱོར་བ་བཞིན་ཕེབས་ནས་ལོ་དེའི་ལྷ་བབས་དུས་ཆེན་ལ་རྫོང་སར་མངའ་རིས་ལྷ་ཁང་དུ་འཆད་ཉན་གྱི་དབུ་ཚུགས། བརྩོན་པ་དྲག་པོའི་སྒོ་ནས་འཆད་ཉན་ཉིན་གཅིག་ལའང་མཚམས་མ་གཞག་པར་སྔར་སྲོལ་བཞིན་ནར་མར་གནང་། ༡༩༨༨ལོར་བཤད་གྲྭ་དགོན་ནང་ནས་ཁམས་བྱེར་སྤོས་ཤིང་སྐུ་ངལ་ལ་མ་འཛེམ་པར་སྒྲིག་ལམ་ཀུན་སྤྱོད་སོགས་གང་ལྗོངས་ཀྱི་བཙུན་པ་ཡོངས་ཀྱིས་མི་དཔེར་འོས་པའི་བཅའ་བ་མཛད། མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ་ཐེངས་ཁ་ཤས་གདན་སར་ཕེབས་ཤིང་དབང་ལུང་མང་པོ་བསྩལ། ༡༩༩༡སྐུ་ཉིད་དགུང་གྲངས་ང་དགུར་ཕེབས་དུས་བྲག་ཡབ་ཙོང་སར་དགོན་དུ་ཆིབས་སྒྱུར་གནང་ནས་ལོ་གསུམ་ལ་འཆད་ཉན་མཛད། དེ་ནས་གོ་འཇོ་ཀླུ་ཕུག་དགོན་སོགས་མང་པོར་ཕེབས་ནས་ཆོས་ཁྲིད་དང་མན་ངག་གནང་། ༡༩༩༥ལོར་སླར་རྫོང་སར་དུ་ཞབས་སོར་འཁོད་ནས། གསར་རྙིང་གི་སྨིན་གྲོལ་མཐའ་ཡས་པ་གང་ལ་ཅི་འདོད་དུ་བསྩལ་བར་མཛད། ༡༩༩༦ལོར་སྡེ་དགེ་དགོན་ཆེན་འཛི་ཕུ་བཤད་གྲྭ་གསར་འཛུགས་ཀྱི་མཁན་པོ་ཟླ་བ་གཉིས་ཀྱི་ཡུན་ལ་གནང་། ༡༩༩༨ལོར་སླར་ཡང་ཙོང་སར་དགོན་དུ་ཕེབས་ནས་གསུང་ངག་རིན་པོ་ཆེའི་ཟབ་ཁྲིད་དཀའ་དྲིན་བསྐྱངས། གཏེར་སྲས་སྒར་དང་ཐང་སྐྱ་དགོན་དུ་སྨིན་གྲོལ་རྒྱ་ཆེར་རྩལ། སྐུ་སེ་གསེར་ལྗང་བཤད་གྲྭར་སྤྱི་ལྗོན་བརྟག་གསུམ་དང་འཁོར་འདས་དབྱེར་མེད་ཀྱི་ཟབ་ཁྲིད་དཀའ་དྲིན་བསྐྱངས། ༡༩༩༩ལོར་རྫོང་སར་དགོན་དུ་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་གནང་། ལོ་དེར་སྐྱེ་དགུ་དགོན་དང་སྐལ་བཟང་དགོན་སོགས་ལ་ཆིབས་སྒྱུར་གནང་ནང་སྨིན་གྲོལ་མང་དུ་བསྩལ་བར་མཛད། ༢༠༠༠ལོར་ནང་ཆེན་ཙོང་མདའ་དགོན་དུ་ལམ་འབྲས་སློབ་བཤད་དཀའ་དྲིན་བསྐྱངས་བར་མཛད། དེ་ནས་བྲག་ནག་དགོན་དང་སྐྱེ་དགུ་དགོན། སྐྱེ་དགུའི་སྤྲུལ་སྐུ་སློབ་གྲྭ ཁྲི་འདུ་སྐལ་བཟང་དགོན། ཆབ་མདོ་སྐྱོ་མདའ་དགོན། རོང་མི་གཏེར་སྲས་སྒར། གོ་འཇོ་སྟག་མོ་དགོན་དང་ཀླུ་ཕུག་རི་ཁྲོད་ར་རྒྱ་ར་དགོན། བྲག་གཡབ་གཙང་སར་དགོན་དང་རྩིབས་བཀྲམས་དགོན། ཡང་དགོན་ཁ་བཅས་དགོན་ཁག་མང་པོ་ལ་ཕེབས་ནས། ཟབ་རྒྱས་ཆོས་ཀྱི་ཆར་གང་ལ་ཅི་འདོད་དུ་བསྩལ་བར་མཛད། ༢༠༠༡ལོར་ཆབ་མདོ་སྐྱོ་མདའ་དགོན་དུ་ལམ་འབྲས་སློབ་བཤད་ཀྱིས་གཙོས་པའི་ཟབ་ཆོས་མང་པོ་གནང་། ༢༠༠༢ལོར་ཨ་མདོ་སྨེ་བ་དགོན་དུ་ཟབ་རྒྱས་ཆོས་ཀྱི་ཆར་ཕབས། དེ་ནས་ཉག་རོང་དགོན་སར་དགོན་དུ་ལམ་འབྲས་སློབ་བཤད་སོགས་བཀའ་དྲིན་བསྐྱངས། ༢༠༠༣ལོར་གླིང་འགུ་ཟི་དགོན་དུ་གསུང་ངག་རིན་པོ་ཆེས་གཙོས་པའི་སྨིན་གྲོལ་རྒྱ་ཆེར་རྩལ། དེ་ནས་དཀར་མཛེས་བན་རྒན་དགོན་དུ་ཕེབས་ཤིང་ཆོས་གསུངས། སྡེ་དགེ་དགོན་ཆེན་དུ་ས་པཎ་ལྔ་རིགས་ཚོགས་ཆེན་ཐེང་དང་པོའི་དབུ་བཞུགས་འཛད། ༢༠༠༤ལོར་རྫོང་སར་དུ་པེ་ཝར་སྤྲུལ་སྐུའི་མདུན་ནས་རིན་ཆེན་གཏེར་མཛོད་གསན། དེ་ནས་ཡང་དགོན་ཆེན་དུ་རིགས་གཏེར་ཚོགས་པའི་དབུ་བཞུགས་དང་ཐར་རྩེ་མཁན་ཆེན་མདུན་རྡོ་རྗེ་ཕྲེང་བའི་དབང་གསན། ཕར་བློ་སྦྱོང་དོན་བདུན་མའི་ཆོས་འབྲེལ་བསྩལ། ༢༠༠༥ལོར་སྨར་ཁམས་གོ་ན་དགོན་དུ་གསུང་ངག་རིན་པོ་ཆེས་གཙོས་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་དེའི་ཕྱོགས་དགོན་པ་ཕར་མོ་ཆེ་ལ་ཞབས་ཀྱིས་བཅགས་ཤིང་ཆོས་འབྲེལ་བསྩལ། སླར་ཡང་སྐུ་ཉིད་ཀྱི་རྩ་བའི་བླ་མའི་གདན་ས་ཀླུ་ཕུག་ཏུ་ཕེབས་ནས་རྫོགས་པ་ཆེ་པོའི་དམར་ཁྲིད་དང་ཡེ་ཤེས་བླ་མ་སོགས་གནང་། དེ་ནས་རྫོང་སར་རུ་རིགས་གཏེར་ཚོགས་པའི་དབུ་བཞུགས་གནང་། གོ་འཇོ་རུ་ས་གྱོད་འདུམ་པར་ཡང་ཕེབས་ནས་འདུམ་པར་མཛད། དེང་སྐབས་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་རྣམ་དག་ཉག་ཕྲ་བར་དགོངས་ནས། ལུང་རྒྱུན་ཚོལ་མཁན་མཁན་སྤྲུལ་གསུམ་ལ་འགྲོ་གྲོན་གནང་ནས་ལུང་རྒྱུན་མི་འདྲ་བ་གསུམ་ལས་ཚར་རེ་གསན་བཅུག་ནས། ༢༠༠༦ལོར་ཉིད་ཀྱིས་བསྐོས་བཞག་གནང་བའི་བླ་མ་དག་ལས་བཀའ་འགྱུར་རིན་པོ་ཆེ་དང་བཀའ་དམ་ཕ་ཆོས་བུ་ཆོས་གསོ་རིགས་རྒྱུད་བཞི་སོགས་གསན། རྒྱུད་འབུམ་གྱི་དབུར་ཀྱེ་རྡོར་གྱི་དབང་ཆེན་ཞིག་བསྩལ་བར་འཛད། དེ་ནས་གླིང་འགུ་ཟི་དགོན་དུ་སྒྲུབ་ཐབས་རྒྱ་མཚོ་གསུང་། ༢༠༠༧ལོར་ཝ་ར་བཤད་གྲྭ་རུ་རིགས་གཏེར་དགུན་ཆོས་ཚོགས་པའི་དབུ་བཞུགས་མཛད། རྒྱུན་དུ་རྫོང་སར་དུ་བཞུགས་དུས་དད་ལྡན་གྱི་སློབ་མ་དག་ལ་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་བཅས་གང་ལ་ཅི་འདོད་དུ་བསྩལ་བར་མཛད་དོ། །དེ་ནས་ད་ལོ་༢༠༡༤ལོ་བར་གཙོ་བོ་སྤྲོས་མེད་ནང་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། ད་ལྟའང་འཛམ་གླིང་བསྟན་འགྲོའི་དཔལ་མགོན་དུ་སྐུ་འཚོ་ཞིང་བཞུགས་པ་ལགས་སོ། །གསུང་ལས་སྐྱེས་པའི་སློབ་ཚོགས་ཀྱང་དེང་སང་བོད་བརྒྱུད་ནང་བསྟན་པའི་ཁྲོད་ན་རྗེ་ཉིད་ཀྱི་དངོས་བརྒྱུད་ཀྱི་སློབ་མར་མ་གྱུར་པ་ཕར་ཆེར་མེད་ཅིང་། གཙོ་བོའི་དངོས་སློབ་ལུང་རྟོགས་བསྟན་པའི་ཁུར་ཆེན་འདེགས་པར་ནུས་པའི་མཁན་ཆེན་ཉེར་ལྔ་དང་། གཞུང་ཆེན་ཕལ་ཆེར་འཆད་ནུས་པའི་མཁན་པོ་བཅུ་ཕྲག་ལྔ། རིག་པ་རང་ངོ་འཕྲོད་པའི་སྒོམ་ཕྲུག་ལྔ་བརྒྱ་ཙམ་ཡོད་པར་གྲགས་སོ། །དམ་པ་གང་གི་མཛད་རྣམ་རག་སྡུས་འདི་ནི་རྗེ་ཉིད་ཀྱི་ཐུགས་སྲས་གཙོ་བོ་རྫོང་སར་མཁན་ཆེན་ཐུབ་བསྟན་རབ་གསལ་ལམ་ཕུན་ཚོགས་རྣལ་རྒྱལ་མཆོག་གིས་མཛད་པའི་རྣམ་ཐར་རྒྱས་པ་ལས་དམ་པ་གང་གི་སློབ་འབངས་ཐ་ཤལ་བ་ཀར་ཐར་ནས་ཁུལ་དུ་ཕྱུང་བ་འདི་ནི། དཔལ་ས་སྐྱའི་མཐོ་གྲྭའི་མཁན་པོ་ཐུབ་བསྟན་རབ་གསལ་ལགས་ནས་འདི་འདྲ་ཞིག་འཕྲལ་དུ་དགོས་པའི་མངག་བཅོལ་གནང་བ་བཞིན་སྤྱི་ལོ་༢༠༡༤ ཟླ་ ༡༠ ཡར་ཚེས་༧ ཉིན་བགྱིས་པའོ། །འདི་ལས་བྱུང་བའི་དགེ་བའི་ཚོགས་ཅི་མཆིས་འབྲེལ་ཚད་རྗེ་བཙན་བླ་མས་རྗེས་སུ་བཟུང་བའི་རྒྱུ་རྒྱུར་ཅིག །སརྦ་མངྒལཾ། །