Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

ཡོངས་རྫོགས་བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འདི་ཉིད་སྔོན་རྗེ་བཙུན་གོང་མ་རྣམ་ལྔ་དང་དེའི་རྗེས་ངོར་ཆེན་དང་ཚར་ཆེན།གཡག་རོང་དང་གོ་ཤཱཀ་སྟག་གསུམ་སོགས་ཀྱི་སྐབས་སུ་ངེས་དོན་ལུང་རིགས་ལ་མཁས་ཤིང་།ནང་དུ་ས་ལམ་མཐོན་པོར་སོན་པའི་རྗེ་བཙུན་ས་སྐྱ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བོད་གངས་ཅན་གྱི་ལྗོངས་འདིར་གནམ་གྱི་ས་བཀབ་པ་ལྟ་བུར་བྱུང་ཞིང་།ཕྱིས་ཀྱི་དུས་སུ་ཡང་དཔལ་ས་ངོར་ཚར་རྫོང་བོ་དོང་བུ་སྟོན་ཞ་ལུ་དང་བཅས་པའི་གདན་ས་རྣམས་དང་།ཁམས་སུ་ཁམས་བྱེས་རྫོང་སར་བཤད་གྲྭས་མཚོན་པའི་བཤད་སྒྲུབ་ཀྱི་བསྟི་གནས་མང་དག་ཅིག་ཡོད་པ་དེ་དག་གིས་མཁས་དང་གྲུབ་པའི་སྐྱེས་བུ་ཟམ་མ་ཆད་པར་བསྐྲུན་དང་སྐྲུན་བཞིན་པ་དེ་ལྟར་ནའང།གྲུབ་ཆེན་རྡོ་རྗེ་འཆང་འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གིས་མ་འོངས་མངོན་གཟིགས་ཀྱིས་བཟློག་པར་དཀའ་བའི་དུས་འགྱུར་འབྱུང་བར་ལུང་བསྟན་གནང་སྟེ་གྲུབ་དབང་ཉིད་འཕགས་ཡུལ་དུ་ཆིབས་ཞལ་བསྒྱུར་ཅིང་།གྲུབ་དབང་ཉིད་ཀྱི་བསླུ་མེད་རྡོ་རྗེའི་ལུང་བསྟན་ཇི་བཞིན་སྤྱི་ལོ་༡༩༥༩ལོར་དུས་འགྱུར་ཡོ་ལང་མངོན་དུ་གྱུར་ཏེ།ནག་ཕྱོགས་ཀླ་ཀློའི་དཔུང་ཚོགས་ཀྱིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་མཐར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་ཆོས་བརྒྱུད་ཁག་གི་དབུ་ཁྲིད་གལ་ཆེན་རྣམ་པས་གཙོས་རང་རེ་བོད་ཀྱི་གནད་ཡོད་མི་སྣ་ལྷག་བསམ་གྱིས་ཕྱུག་པ་ཁག་ཅིག་དང་།མདོ་དབུས་ཁམས་གསུམ་གྱི་མི་དམངས་གང་འཚམས་བཅས་རྒྱ་གར་ཕྱོགས་སུ་བྲོས་བྱོལ་ལ་ཡོང་དགོས་བྱུང་བའི་ལོ་ཤས་རིང་སྐྱབས་བཅོལ་གྱི་དཀའ་ངལ་ཅི་ཆེའི་འོག་སེར་སྐྱ་མང་ཚོགས་ཚང་མ་སོ་སོའི་འཚོ་བའི་མཐུན་རྐྱེན་གྱིས་བྲེལ་ནས་ཆོས་དང་རིག་གཞུང་མི་ཉམས་རྒྱུན་སྐྱོང་གི་ཐད་དམིགས་བཀར་གྱི་འབད་བརྩོན་གྱི་ནུས་པ་འདོན་མ་ཐུབ། དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་ཐུགས་བསྐྱེད་དང་བཀའ་སློབ་ལམ་སྟོན་འོག་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་དྲུག་ལོར་ཝཱ་རཱ་ཎ་སི་གཙུག་ལག་ཁང་གསར་དུ་བཙུགས་ནས་ཆོས་ལུགས་རིས་མེད་ཀྱི་གྲྭ་བཙུན་རྣམས་ལ་སཾསྐྲྀཏའི་སྐད་ཡིག་གིས་མཚོན་པའི་ཕྱི་ནང་གི་བརྡ་སྤྲོད་རིག་གནས་དང་།ནང་དོན་རིག་པའི་གཞུང་ལུགས་ཁག་ལ་ཐོས་བསམ་བྱེད་རྒྱུའི་གོ་སྐབས་བཟང་པོ་སླར་ཡང་མངོན་དུ་ཤར།དེ་ནས་ཡུལ་ལུང་གི་གོམས་གཤིས་ལ་འདྲིས་ཤིང་འཚོ་བའི་ཁ་སྟབས་གོང་དུ་འཕེལ་རིམ་བཞིན་མི་རྣམས་ཀྱི་བློ་སྟོབས་ཀུན་ནས་རྒྱས་ཏེ་ཆོས་བརྒྱུད་སོ་སོའི་རང་གཞུང་རྩལ་དུ་སྟོན་པའི་སློབ་གཉེར་བྱེད་ཡུལ་ཟུར་དུ་འཛུགས་དགོས་པའི་དགོངས་འཆར་དང་དགོས་མཁོ་བྱུང་བ་གཞིར་བཟུང་།ངེས་པ་དོན་གྱི་བསྟན་པའི་བདག་པོ་༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་བཀའ་བཀོད་ཇི་ལྟར་གནང་བ་བཞིན།  ༧འཇམ་མགོན་སྐུ་ཡི་ཡོངས་འཛིན་སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་དམ་པ་ཨ་པད་རིན་པོ་ཆེ་མཆོག་གིས་ཐུགས་བསྐྱེད་བཙན་པོའི་གོ་ཆ་བགོས་ཏེ།དེ་སྔོན་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ནག་ཕྱོགས་ཀླ་ཀློའི་དཔུང་གིས་བསྟན་པའི་གནས་གཞི་བཤད་སྒྲུབ་ཀྱི་སྡེ་མཐའ་དག་གཏོར་བཤིག་བཏང་ནས་འཛམ་བུ་གླིང་འདིའི་སྒང་ལ་དཔལ་ལྡན་ས་སྐྱ་པའི་བཤད་གྲྭ་མིང་གི་ལྷག་མ་ཙམ་ཡང་མེད་པའི་དུས་ཀྱི་སྙིགས་མ་ཤིན་ཏུ་མདོ་བ་དེ་སེལ་བའི་ཐུགས་དགོངས་ཆེར་བཞེད་ཀྱིས།སྤྱི་ལོ་༡༩༧༢ལོའི་ཟླ་༡༢པའི་ཚེས་༢༩འཇམ་མགོན་ས་སྐྱ་པཎ་ཆེན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཆེན་ཁྱད་པར་ཅན་ཉིན་མ་སུ་རི་རབྷ་ལོ་གྷན་ཇི་ཞེས་པའི་ས་གནས་སུ་སྔོན་གོ་ཤཱཀ་གཉིས་ཀྱིས་བྱ་བཏང་གི་བཤད་གྲྭ་བཙུགས་པའི་རྣམ་ཐར་རླབས་པོ་ཆེར་སྤྱན་ལྟོས་ཀྱིས་རྒྱུན་མཁོའི་མཐུན་རྐྱེན་འཚོལ་སྒྲུབ་སྔོན་དུ་མ་སོང་བར་བྱ་བཏང་གི་ཚུལ་དུ་གདན་ས་འདི་ཐོག་མར་ཕྱག་བཏབ་པར་མཛད།དེ་ཡང་ཐོག་མར་རྒྱ་གར་གྱི་གནས་ཁང་རྙིང་པ་ཞིག་གླས་པའི་ནང་ཡོངས་ཀྱི་རྩ་བའི་བླ་མ་དམ་པ་༧སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་གིས་ཞབས་ཀྱིས་པད་མོས་དངོས་སུ་བཅགས་ཏེ།ས་གཞི་བྱིན་གྱིས་བརླབས་ཤིང་།ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་དང་།ས་སྐྱ་ཆོས་སྒར་གྱི་འགན་འཛིན་འཆི་དབང་སྤྲུལ་སྐུ།ཨ་རི་བ་བསོད་ནམས།དབྱིན་ཇི་ཨ་ཅག་ཇོན་ཨེ་ལེ་སི་དང་།ཨ་ནི་མར་ཤལ།དེ་བཞིན་ཐོག་མའི་སློབ་ཕྲུག་བདུན་དང་བཅས་པའི་དབུས་བཤད་གྲྭ་འདི་ཉིད་དབུ་བཙུགས་ཞུས་ཏེ།རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་འདི་ཉིད།སླར་ཡང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཉི་མ་ལྟར་ཁྱབ་པའི་རྟེན་འབྱུང་གི་དབུ་འཁྱུད་ཐོག་མར་འབྲི་བར་མཛད།འདི་ནི་བཙན་བྱོལ་ནང་གི་ཆོས་བརྒྱུད་སོ་སོའི་མཚན་ཉིད་ཀྱི་གྲྭ་ཟུར་དུ་བཙུགས་པ་དང་པོ་དེ་ཡིན་སྟབས། ཐོག་མར་རང་ཁུངས་ལ་བཤད་གྲྭ་མེད་སྐབས་རྙིང་མ་དང་བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་གྱི་སློབ་བརྒྱུད་ཀྱང་འདི་ནས་བསླབ་པ་སློབ་གཉེར་བྱས་ཏེ་ཁུངས་སོ་སོའི་བསྟན་འགྲོའི་དོན་བྱས་པའང་བྱུང་ཡོད་པས།རྒྱལ་བསྟན་ལ་གློ་བ་དཀར་བའི་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་དུ་གཏོགས་པ་རྣམས་ཀྱིས་ནམ་ཡང་ཡིད་ལ་བཅགས་དགོས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་སྟེ།ཇི་སྲིད་ནས་ཇི་སྲིད་དུ་རྗེ་འདི་པའི་བཀའ་དྲིན་གཞལ་དཀའ་བའི་ཡུལ་དུ་གྱུར་ཡོད།དེ་དུས་སྤྱིར་དཔལ་འབྱོར་གྱི་འཁོས་ཀ་གཞན་ཅིང་ལྷག་ཏུ་གདན་ས་འདིར་བརྩེ་ཆེན་བསྟན་པའི་མངའ་བདག་༧སྐྱབས་མགོན་གོང་མ་རིན་པོ་ཆེའི་བཀའ་ཁྱབ་འོག་མཁན་ཆེན་ཨ་པད་རིན་པོ་ཆེ་ནས་ཆོས་ཁྲིད་གནང་རྒྱུས་མཚོན་པའི་ཕྱི་ནང་གི་འཛིན་སྐྱོང་ཆ་ཚང་གཟིགས་རྟོགས་མཛད་དགོས་ནའང་།རིན་པོ་ཆེ་ནས་བཤད་སྒྲུབ་གཙོ་འདོན་གནང་བ་ལས་དཔལ་འབྱོར་མཁོ་སྒྲུབ་ཀྱི་འདུ་བྱེད་མེད་སྟབས།མ་སུ་རིར་གནས་ཁང་གཡར་ནས་བཞུགས་རིང་སློབ་མའི་གྲངས་འབོར་འཕར་རིམ་གྱིས་ཁང་པ་ཐེངས་གཉིས་ཙམ་བརྗེ་པོ་གནང་དགོས་བྱུང་བ་སོགས་དཀའ་ཁག་སྣ་མང་བརྒྱུད།སྤྱི་ལོ་༡༩༧༨ལོར་རྒྱ་གར་དབུས་གཞུང་གི་འོག་ཚོགས་པའི་དེབ་སྐྱེལ་བྱས་ཤིང་།དེ་ཕྱིན་ཆད་མཐོ་སློབ་འདིའི་ལས་དོན་ཆེ་རིགས་ཚང་མ་འཛིན་སྐྱོང་ཚོགས་པའི་ངོས་ནས་ཐག་གཅོད་བྱེད་དགོས་པའི་དེང་རབས་ཅན་དུ་བསྒྱུར།དེ་ལྟར་སྤྱི་ལོ་༡༩༧༢ནས༡༩༨༤བར་བགྲང་བྱ་ཧྲིལ་པོ་བཅུ་གཉིས་ལྷག་ཙམ་རིང་ལ་འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་འཆད་ཁྲིད་དང་།འདི་གའི་དགེ་འདུན་པ་ཡོངས་ལ་འཚོ་བའི་མཐུན་རྐྱེན་སྦྱར་དགོས་སྟབས།རྒྱལ་ཕྱི་ནང་གི་སློབ་མ་རྣམས་ལ་རོགས་རམ་འབོད་སྐུལ་གནང་འབྲས་སུ་སློབ་མ་སྤྱི་དང་སྒོས་སུ་༧སྐྱབས་མགོན་གོང་མ་རིན་པོ་ཆེའི་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་བསྐངས་ཤིང་རྒྱལ་བསྟན་ཤིན་ཏུ་དར་བར་མཛད་པ་སྟེ།ཇི་སྐད་དུ།སྟོན་པའི་དམ་ཆོས་རྣམས་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།དེ་འཛིན་བྱེད་པ་སྨྲ་བྱེད་པ།།སྒྲུབ་པར་བྱེད་པ་ཁོ་ནའོ།།ཞེས་དང་། སྤྱོད་འཇུག་ལས་བསྟན་རྩ་དགེ་སློང་ཉིད་ཡིན་ན།།དགེ་སློང་ཉིད་ཀྱང་དཀའ་བར་གནས།།ཞེས་གསུངས་པ་ལྟར་བརྩེ་ཆེན་རྒྱལ་བའི་བསྟན་པ་འདི་ཉིད་བསྟན་འགྲོ་སྤྱིའི་གསོས་སུ་ཡུན་དུ་གནས་མིན་ནི་དེ་ཉིད་འཆད་ཉན་དང་སྒྲུབ་པས་སྐྱོང་བའི་བསྟན་འཛིན་གྱི་སྐྱེས་བུ་འཕེལ་འགྲིབ་ལ་རག་ལས་པར་བརྟེན།གངས་ལྗོངས་བསྟན་པ་ཡོངས་ཀྱི་རྩ་ལག་གཅིག་བུ་འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐྱེ་སྤྲུལ་སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་མཆོག་གི་དབུས་བགྲང་ཡས་སྐུ་ཚེའི་ཕྲེང་བར་བསྟན་འགྲོའི་དོན་འབའ་ཞིག་ལ་གཞོལ་བའི་སྐལ་ལྡན་གྱི་སློབ་མ་ཤ་སྟག་ལ།ཡིག་གཟུགས་དང་བརྡ་སྤྲོད་སོགས་ཐུན་མོང་གི་རིག་གནས་དང།ལྷག་པར་དུ་པོད་ཆེན་དྲུག་གམ་གྲགས་ཆེན་བཅོ་བརྒྱད་དང་།བདེ་ཀྱེ་གསང་གསུམ་གྱིས་གཙོས་པའི་མདོ་སྔགས་ཀྱི་གཞུང་ལུགས་ཀྱི་བཤད་རྒྱུན་དང་ལུང་རྒྱུན་ཡོད་པ་ཡོངས་རྫོགས་དཔེ་འཁྱུད་མེད་པར་རྒྱལ་བ་མ་ཕམ་པས་སློབ་དཔོན་ཐོགས་མེད་རྗེས་སུ་བཟུང་བའི་བྱུང་རབས་ལྟར།འཆད་ཐབས་མན་ངག་ལྔ་ཡི་སྒོ་ནས་བསྩལ་བའི་ཉེར་ལེན་གྱིས།འཆད་ན་དཔྱོད་ལྡན་ཡིད་དབང་འགུག་པའི་ལྕགས་ཀྱུ།རྩོད་ན་ཕས་རྒོལ་ཝ་སྐྱེས་གནོན་པའི་གདོང་ལྔ་།རྩོམ་ན་གཞུང་དོན་པད་མོ་འབྱེད་པའི་ཉིན་བྱེད་ལྟ་བུའི་ཐུབ་བསྟན་འཆི་མེད་ཁང་བཟང་འདེགས་པའི་ཀ་ཆེན་མང་དུ་བསྐྲུན་པ་ནི་བློ་ལྡན་ཀུན་གྱི་སྤྱན་ལམ་དུ་གསལ་བ་དེ་ཀ་ལགས་ན་ཞིབ་ཏུ་འབྲི་བའི་ངལ་བ་མི་དགོས་མོད།འོན་ཀྱང་དེ་དག་ལས་འདིར་དཔེ་མཚོན་ཙམ་ཞུས་ན།མཚན་ཉིད་ཀྱི་ཆོས་གྲྭ་ཆེན་པོ་དག་གི་ཁྲི་འཕང་མཐོན་པོར་འཁོད་དེ་མདོ་སྔགས་རབ་འབྱམས་སྨྲ་བའི་ངག་གི་དབང་པོར་འགྱུར་བ།འདི་གའི་མཁན་རབས་གཉིས་པ་ད་ལྟའི་མོན་གོ་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་འཆད་ཁྲིད་མཁན་པོ་དང་འཛིན་སྐྱོང་གཅིག་ལྕོགས་པ་མཁན་པོ་འཇམ་དབྱངས་བསྟན་འཛིན།ཝཱ་ན་དབུས་གཙུག་ལག་ཁང་དུ་རང་གཞུང་བཤད་ཁྲིད་ལོ་དྲུག་ཙམ་གནང་ཞིང་།འདི་གའི་མཁན་རབས་གསུམ་པ་ཞིང་གཤེགས་དམ་པ་མཁན་པོ་མིག་དམར་ཚེ་རིང་།འདི་གའི་མཁན་རབས་བཞི་པ་མདོ་སྔགས་སྨྲ་བའི་དབང་པོ་མཚུངས་མེད་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག།མ་དགོན་བཤད་གྲྭའི་མཁན་རབས་བཞི་པ་མཁན་པོ་ངེས་དོན།གདན་ས་འདིས་མཚོན་པའི་ཆོས་གྲྭ་གང་ས་ནས་སྐལ་ལྡན་དོན་གཉེར་ཅན་ལ་གཙོ་བོ་རྒྱུད་སྐོར་གྱི་འཆད་ཁྲིད་གནང་དང་གནང་བཞིན་པའི་མཁན་པོ་ལུང་རིགས་སེང་གེ།རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་ངེས་སྟོན་པ།མཁན་པོ་འབྱོར་ལྡན་ལ་སོགས་པའོ།སྒོམ་པ་ཏིང་འཛིན་གནས་ལ་གཞོལ་བའི་ཚོགས་དཔོན་མཛད་དེ་བསྐྱེད་རྫོགས་ཟུང་ལ་དབང་བསྒྱུར་ཏེ་སྒྲུབ་དཔོན་གནང་བ་ཡང་དཔེར་ན།སྔར་མཁན་པོ་འཇམ་དབྱངས་བསྟན་འཛིན་བྱམས་ཆེན་ལྷ་ཁང་དུ་ལོ་གསུམ་ཟླ་གསུམ་རིང་སྒོམ་སྒྲུབ་ལ་བཞུགས་སྐབས་དེར་བཞུགས་བསྙེན་མཚམས་པ་རྣམས་ལ་དམིགས་ཁྲིད་མཛད་པའི་སྒོ་ནས་སྒྲུབ་དཔོན་མཛད་པ་དང་།མཁན་པོ་འཇམ་དབྱངས་ཀུན་དགའ་མཆོག་གིས་བལ་ཡུལ་གྱིརྒྱལ་ས་ཀ་ཐ་མཎ་གྲུ་ནས་མི་རིང་བ་ཞིག་ན་དབེན་པའི་ཡོན་ཏན་ཀུན་འཛོམས་པའི་གནས་སུ་སྒྲུབ་གྲྭ་ཞིག་བཞེངས་ནས་གང་ཉིད་དེར་སྐུ་མཚམས་ལ་བཞུགས་རིང་སྒྲུབ་དཔོན་གནང་བ་ལྟ་བུ་དང་།དེ་བཞིན་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གིས་སྤྱིལོ་༡༩༩༧ཙམ་ནས་མཎ་ཌུ་ཝ་ལར་ཤིན་ཏུ་གཞི་རྒྱ་ཆེ་བའི་སྒྲུབ་གྲྭ་གསར་བཞེངས་དབུ་བཙུགས་གནང་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་བཞེངས་གྲུབ་པ་དང་།གང་ཉིད་ཀྱང་དེར་སྒོམ་སྒྲུབ་ལ་གཞོལ་བཞིན་དེར་འདུས་རྣལ་འབྱོར་བ་རྣམས་ཀྱི་དེད་དཔོན་མཛད་དེ་སྒྲུབ་པའི་རྒྱལ་མཚན་འདེགས་པའི་ཐུགས་བསྐྱེད་ཅི་བས་ཆེ་མོད།དེ་ལྟར་ནའང་བཤད་སྒྲུབ་ལ་གེགས་བར་བྱུང་བ་ནི་སུས་ཀྱང་བཟློག་ཏུ་མེད་སྟབས་འདི་གའི་མཁན་པོ་དང་འཛིན་སྐྱོང་པ་གཅིག་ལྕོགས་མཁན་པོ་མིག་དམར་ཚེ་རིང་མཆོག་༡༩༩༩ཟླ་བ་དང་པོའི་ནང་ཞིང་འདིའི་མཛད་པ་རྫོགས་ཏེ་དགོངས་པ་གཞན་དོན་དུ་གཏད་པས།རྩ་བའི་བླ་མ་རྣམས་ཀྱི་བཀའ་དགོངས་གཞིར་བཟུང་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག་འདིར་ཕེབས་སྟེ་ཀུན་མཁྱེན་བླ་མའི་ལུགས་བཟང་གི་བཤད་པའི་རྒྱལ་མཚན་བཙུགས་ཏེ་རྒྱལ་བསྟན་དར་རྒྱས་མཛད།མདོར་ན་མཁན་པོ་ལུང་རིགས་སེང་གེས་གཙོས་པའི་གོང་སྨྲོས་མཁན་ཆེན་རྣམས་ཀྱིས་རྒྱུན་དུ་སྐུ་མཚམས་ནམ་བཅད་ལ།དེ་ཡོད་སྒོམ་སྒྲུབ་པ་རྣམས་ལ་སྒོམ་ཁྲིད་གནང་རྒྱུའི་མཚོན་པའི་སྒྲུབ་པ་ཉམས་བཞེས་གནང་བཞིན་པའི་ངང་ནས་བསྙེན་བསྒྲུབ་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་གནང་དང་གནང་བཞིན་པ་འདི་ག་ཡིན་ལ།དཔལ་ལྡན་ས་སྐྱ་པའི་ཆོས་སྡེ་ཆེན་པོ་དག་གི་བསྟན་སྲིད་ཀྱི་ཐུགས་འགན་བཞེས་ཏེ་རྒྱལ་བསྟན་དབྱར་མཚོ་ལྟར་སྤེལ་བ་ལ་མཁས་པའི་མཛིན་སྐྱོང་པ།ཆོས་གྲྭ་ཆེན་པོ་རྒྱ་གར་རྫོང་སར་བཤད་གྲྭའི་བསྟན་པའི་མངའ་བདག་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་།དཔལ་ལྡན་ས་སྐྱ་པའི་བྱེས་ཀྱི་གདན་ས་ཆེན་པོ་ས་སྐྱ་ཆོས་སྒར་གྱི་དབུ་འཛིན་འཇམ་དབྱངས་ལེགས་བཤད།རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་དྲུང་ཆེ་སྒྲ་བསྒྱུར་བ་བྱམས་པ་བློ་གསལ།དབྱིན་ཡུལ་ས་སྐྱ་ཆོས་གླིང་གི་འགན་འཛིན་སློབ་དཔོན་ཐུབ་བསྟན་ཉི་མ།ཨོ་སིཊིལི་ནང་རྒྱལ་སྲས་སྤྲུལ་སྐུ་སྐུ་གོང་མའི་གཙོ་སྐྱོང་གནང་བའི་ས་སྐྱ་ཐེག་ཆེན་གླིང་གི་བླ་མ་སློབ་དཔོན་ངག་དབང་བཟོད་པ་སོགས།མདོར་ན་ད་ལྟའི་ཆར་གོ་ལ་འདིའི་སྒང་གི་དཔལ་ལྡན་ས་སྐྱ་པའི་བསྟན་གཞི་ཆོས་གྲྭ་ཡོངས་ཀྱི་མགོན་སྐྱབས་བླ་སྤྲུལ་དང་།འཆད་འཁྲིད་མཁན་པོ།འཛིན་སྐྱོང་མགོ་འཛིན་སོགས་ཆེན་པོར་གྲགས་པ་གང་ཡིན་ཡང་དངོས་དང་བརྒྱུད་ནས་མགོན་པོ་གང་ཉིད་ཀྱི་གསུང་ལས་སྐྱེས་པ་ཤ་སྟག་ཡིན་ནའང།དེ་དག་རེ་རེ་བཞིན་བགྲང་བར་ག་ལ་ལངས།བོད་བརྒྱུད་ནང་བསྟན་འདི་ཉིད་ཕྱི་ནང་གི་སྐད་རིགས་སྣ་ཚོགས་ལ་བརྟེན་ནས་འཛམ་བུ་གླིང་སྤྱིའི་བགོ་སྐལ་དུ་དར་ཁྱབ་འགྲོ་བཞིན་པའི་དུས་རབས་དང་བསྟུན་ནས་གོང་སྨྲོས་ལྟར་རང་མི་རིགས་ལ་དམ་ཆོས་འཆད་སྤེ་ལ་ཙམ་དུ་མ་ཟད།རྒྱལ་ཕྱི་ནང་གི་མི་རིགས་མི་འདྲ་བ་མཐའ་ཡས་པ་ལའང་མི་རིགས་སོ་སོའི་སྐད་ཡིག་གི་ཐོག་ནས་གང་ལ་གང་འདུལ་གྱིས་ཟབ་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་དང་སྐོར་བཞིན་པའི་ལོ་པཎ།རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་བསྟནཔའི་ཉི་མ་མཆོག་དང་།མཁན་པོ་འཇམ་དབྱངས་བསྟན་འཛིན།རབ་འབྱམས་པ་མཁན་པོ་འབྱོར་ལྡན་སོགས་ཀྱིས་གཙོས།མགོན་པོ་གང་གི་དངོས་སློབ་ཏུ་ཚུད་པ་ཀུན་དབྱིན་བོད་ཧིན་གསུམ་ལ་ཐོགས་པ་མེད་པའི་ངག་གིི་དབང་པོར་ངེས་པ་ནི་དུས་རབས་འདིའི་མི་རབས་གསར་པ་ཚོས་མིག་དཔེར་བལྟ་དགོས་པའི་ཡུལ་དུ་གྱུར་ཡོད།དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོངས་ཀྱི་རྩ་བའི་བླ་མ་རྣམས་དང་མཁན་པོ་བླ་སྤྲུལ་རྣམས་ཕེབས་སྐབས་གསུང་བསྒྱུར་དང་ཡིག་བསྒྱུར་ལ་རྐང་འཛིན་པ་ཨ་རི་བ་ངག་དབང་དགེ་ལེགས།ཨ་རི་བ་ངག་དབང་བསམ་གཏན།དབྱིན་ཇི་བ་ངག་དབང་ཕུན་ཚོགས།།ཨ་རི་བ་མར་ཀ་ཌར་ཛི།ཨ་རི་བ་ངག་དབང་སྐལ་ལྡན།བློ་བཟང་གྲགས་པ།དགེ་བཤེས་འཇམ་དབྱངས་བསམ་གཏན་སོགས་མང་དུ་ཡོད་ལ།ད་དུང་ངེས་པ་དོན་གྱི་རྣལ་འབྱོར་བ་དགེ་བཤེས་འཇམ་དབྱངས་ཤེས་རབ་སོགས་འགའ་ཞིག་སྟེ་འདི་དག་ནི་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་ཡུལ་དུས་ཀྱི་སྐབས་དེར་ཕྱི་ཡི་མཐུན་རྐྱེན་རབ་ཏུ་ཕྲ་ཡང་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོ་བགོས་ཏེ་གདན་ས་འདི་ཉིད་གསར་དུ་དབུས་བཙུགས་ཤིང་།བགྲང་བྱ་བཅུ་ཕྲག་ལྷག་གི་རིང་མདོ་སྔགས་རབ་འབྱམས་ཀྱི་མན་ངག་ཟབ་མོས་དངོས་སུ་བསྐྱངས་པའི་དངོས་སློབས་རྣམས་ལས་ད་ལྟའིསྤྱི་ཚོགས་སུ་དངོས་སུ་གྲགས་ཆེ་བ་འགའ་ཞིག་མཚོན་བྱེད་ཙམ་དུ་ཞུས་པ་ཡིན་པས་དེ་དག་ཙམ་དུ་སེམས་པར་ནི་མི་བྱའོ།དེ་ལྟར་བསྟན་པ་འཛིན་པའི་ཆ་རྐྱེན་ཀུན་ཚང་གི་སྐྱེས་བུ་དམ་པ་དུ་མ་བསྐྲུན་ཞིང་།སློབ་འབངས་སྐྱོང་བའི་ཞོར་དུ་ད་ལྟའི་ས་གནས་མ་སུ་རིའི་འདབ་གཞོལ་ཏེ།དེའང་འདིའི་གནས་བསྟོད་ལས།ཀུན་ནས་ཟླུམ་པོའི་ཁོར་ཡུག་རི་བོའི་བརྒྱུད།།གསེར་པད་རྟག་ཏུ་བཞད་པའི་འཛུམ་དཀར་མཆོག།གྲྭ་འདིར་བཤད་སྒྲུབ་དྲི་གསུང་རྒྱས་པའི་ཆེད།།བཀྲ་ཤིས་མཚན་མ་བཀོད་འདྲའི་ཤིན་ཏུ་མཛེས།།ཞེས་གསུངས་པ་ལྟར།བཀྲ་ཤིས་པའི་དགེ་མཚན་མ་ལུས་པ་ཚང་བིའི་དབེན་གནས་འདིར་ཕྱི་ནང་གི་བཀོད་པ་ཤིན་ཏུ་མཛེས་པའི་དབང་གིས་ཀུན་གྱིས་མིག་དཔེར་བལྟ་དགོས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པ་ནི་ཀུན་གྱི་མཐོང་ཆོས་ལྟར་ཡིན་ལ། འདིའི་ཕྱི་ནང་གི་བཀོད་པ་མཛེས་རིས་དང་བཅས་པའི་འཆར་འགོད་ཡོངས་རྫོགས་འཆར་འགོད་པ་གཞན་སུ་ལའང་ལྟོས་པ་མེད་པར་རྗེ་བླ་མ་ཉིད་ཀྱི་ཟླ་མེད་པའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པ་ཞིག་གོ།དེ་ནས་ཞལ་སློབ་རྣམས་ཀྱི་ཐོས་བསམ་གྱི་བློ་གྲོས་དང་བསྒོམ་པའི་ཉམས་རྟོགས་གང་འཚམ་ནར་སོན་པ་ན།༡༩༨༤ལོར་ཡོངས་ཀྱི་བཤེས་གཉེན་དམ་པ་མཁན་ཆེན་ཨ་པད་རིན་པོ་ཆེ་གང་ཉིད་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ཞིང་ཐུགས་སྲས་རྣམས་ལ་བསྟན་པའི་ཐུགས་འགན་གཏོད་པའི་དགོངས་པ་སྔར་ནས་ཡོད་པ་བཞིན།༧སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་ནས་ཀྱང་དེ་བཞིན་དུ་དགོངས་འཁྲོལ་གནང་ཞིང་ཁོང་གཉིས་ཀྱི་ཐུགས་ཀྱི་བཞེད་པ་གཅིག་ཏུ་བབས་ནས།ཉིད་ཀྱི་ཐུགས་སྲས་མཁན་པོ་འཇམ་དབྱངས་བསྟན་འཛིན་ལགས་ཆོས་གྲྭ་འདིའི་མཁན་པོ་དང་འཛིན་སྐྱོང་པ་གཅིག་ལྕོགས་ཏུ་དབང་བསྐུར་ཞིང་བསྟན་པ་གཏད་པ་བཞིན།ཁོང་གིས་ཀྱང་རྩ་བའི་བླ་མ་རྣམས་གཉིས་ཀྱི་བཀའ་དགོངས་སྤྱི་བོར་བླངས་ཏེ།༡༩༨༩ལོའི་བར་བགྲང་བྱ་ཧྲིལ་པོ་ལྔ་ཡི་རིང་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་རྒྱ་མཚོའི་བཤད་ཁྲིད་བླ་མའི་མན་ངག་གིས་དྲངས་ཏེ།རྣམ་མང་འདུལ་བྱའི་སློབ་ཚོགས་བསྐྱངས་པས་ཧ་ལམ་མཁན་ཆེན་ཉིད་ཀྱིས་གཟིགས་སྐྱོང་དངོས་ཀྱིས་འཚོ་བ་ལྟ་བུའི་འཆད་ཉན་གྱི་བསྟན་པ་དར་ཞིང་སློབ་ཚོགས་དགེ་འདུན་པའི་གྲངས་སྔར་བས་འཕེལ་ཞིང་རྒྱས་པའི་སྒོ་ནས་བཤད་སྒྲུབ་ཀྱི་རྒྱུན་ཚུགས་པའི་འཕྲིན་ལས་བླ་མེད་བསྐྱངས།དེ་ནས་སྤྱི་ལོ་༡༩༩༠ལོར་སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་དང་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་རྣམ་གཉིས་ཐུགས་གྲོས་གཅིག་མཐུན་བྱུང་བར་བརྟེན་ཞི་གཤེགས་དམ་པ་མཁན་པོ་མིག་དམར་ཚེ་རིེང་མཆོག་ཆོས་གྲྭ་འདིའི་བསྟན་པའི་བདག་པོར་མངའ་གསོལ་ཞུས་པ་བཞིན་བླ་མའི་བཀའ་ལུང་སྤྱི་བོར་བཞེས་ཏེ།སྐུ་ཚེ་འདུ་བྱེད་མ་སྟོངས་བར་བཤད་སྒྲུབ་ཀྱི་བསྟན་པ་བླ་ན་མེད་པ་སྤེལ་ཞིང།འཇམ་དབྱངས་མི་ཡི་རྣམ་རོལ་༧སྐྱབས་རྗེ་འཁོན་གདུང་རཏྞ་བཛྲ་རིན་པོ་ཆེ་དང་༧འཁོན་གདུང་ཛྙ་ཎ་བཛྲ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་བརྒྱ་ཕྲག་དུ་མ་བསྐྲུན་པ་མ་ཟད།དུས་དང་དུས་སུ་རྒྱལ་ཡོངས་མཁས་པའི་རང་བཞིན་གྱི་བགྲོ་གླེང་བསྡུས་ཏེ་གདན་ས་ཆེན་པོ་འདིའི་མཚན་སྙན་དང་མཛད་རྗེས་ཕྱོགས་ཀུན་ཏུ་ཁྱབ་པར་མཛད་ཅིང་།དཔལ་ལྡན་ས་སྐྱ་པ་སྤྱི་དང་བྱེ་བྲག་རྩ་བའི་བླ་མ་རྣམ་གཉིས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་འཕྲིན་ལས་ཀྱི་འཇུག་པ་བསྐྱངས།སྤྱི་ལོ་༡༩༩༩ལོའི་ཟླ་བ་དང་པོའི་ནང་མཁན་རིན་པོ་ཆེ་མིག་དམར་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམས་སྟེ་བསྟན་པ་སྤྱི་དང་།སྒོས་སུ་ཆོས་གྲྭ་འདི་ལ་བར་ཆད་ཚད་མེད་བྱུང་ནས་དུས་སྐབས་གཉན་ཕྲང་གཅིག་ལ་སླེབས་སྟབས།མཁན་ཆེན་ཨ་པད་རིན་པོ་ཆེ་བལ་ཡུལ་ནས་འདི་གར་དངོས་སུ་ཞབས་པད་བཀོད་དེ་ཉིན་ཤས་བཞུགས་རིང་དགེ་སློབ་རྣམས་ལ་དགྱེས་བརྩེའི་བཀའ་སློབ་དང་བླང་དོར་ལམ་སྟོན་གྱིས་དབུགས་དབྱུང་མཛད་ཅིང་།ད་ལྟའི་རོང་སྟོན་ཁང་ཚན་དང་པཎ་ཆེན་ཁང་ཚན་གྱི་གྲྭ་ཤག་གསར་བཞེངས་ཀྱི་འཆར་བཀོད་དང་རྨང་གཞི་བཏིང་པས་མཚོན།མ་འོངས་འཕེལ་རྒྱས་ལ་ཕྱོགས་པའི་ལས་འཆར་བཀོད་སྒྲིག་དང་སྔར་བཞིན་འཆད་ཁྲིད་གནང་ཕྱོགས་ཀྱི་བཀོད་འདོམས་ཞིབ་པར་གནང་ཞིང་ལྔ་རིག་སྨྲ་བའི་དབང་པོ་མཁན་ཆེན་བསོད་ནམས་རྒྱ་མཚོ་ལ་བསྟན་པ་གཏད་པ་བཞིན།ལོ་དེའི་ཟླ་བ་བདུན་པའི་ནང་བརྩེ་ཆེན་བསྟན་པའི་མངའ་བདག་ཁྲི་ཆེན་རྡོ་རྗེ་འཆང་སྐྱབས་མགོན་གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་རིན་པོ་ཆེ་ཆོས་གྲྭ་འདིའི་བསྟན་པའི་བདག་པོར་མངའ་གསོལ་ཞུས་པ་བཞིན།མཁན་ཆེན་མཆོག་ནས་ཀྱང་རྩ་བའི་བླ་མ་རྣམས་ཀྱི་བཀའ་ལུང་གི་ཅོད་པན་གཙུག་གིས་བཞེས་ཏེ་འཆད་ཁྲིད་གནང་རྒྱུའི་མཚོན་པའི་ཕྱི་ནང་གི་འཛིན་སྐྱོང་གི་བྱེད་སྒོ་ཚགས་ཚུད་མཐུས་སྒོ་སྔར་བས་ཇེ་ཚང་དུ་བཏང་བ་དང་།ལྷག་པར་དུ་འདི་གར་སློབ་བཞུགས་བྱེད་པའི་ཆ་རྐྱེན་བོད་ཀྱི་བརྡ་དག་དང་རྒྱལ་རབས་ཆོས་འབྱུང་གི་ཤེས་ཚད་ངེས་ཅན་ཞིག་དགོས་པས།ཡིག་ཚད་ལོན་པ་རྣམས་མ་གཏོགས་སློབ་ཞུགས་བྱེད་པའི་གོ་སྐབས་མེད་སྟབས།མཁན་རིན་པོ་ཆེ་མཆོག་ནས་ཡུལ་དུས་དང་སྤྱི་ཚོགས་ཀྱི་གནས་བབ་ལ་གཟིགས་ནས།ཐོས་བསམ་དོན་དུ་གཉེར་བའི་དགེ་འདུན་པ་ཚང་མར་བགོ་སྐལ་སྤྱི་སྙོམས་སུ་སྩོལ་ཕྱིར་རིག་སྦྱོར་འཛིན་གྲྭ་ཞེས་པ་ལས་དང་པོ་རྣམས་ལ་བོད་ཀྱི་བརྡ་དག་སྙན་གསུམ།ས་སྐྱ་ལེགས་བཤད།རྒྱལ་རབས་ཆོས་འབྱུང་།དེ་བཞིན་བློ་རྟགས་བསྡུས་གསུམ་སོགས་ཀྱི་འཛིན་གྲྭ་ཞིག་གསར་དུ་སྲོལ་འབྱེད་གནང་ཞིང་།དེར་ལོ་གཅིག་སྦྱོང་བརྡར་གནང་ཏེ་ཡིག་ཚད་འཕྲོད་པ་རྣམས། ལོ་རིམ་དང་པོར་སྤྱོད་འཇུག་དང་བཞི་བརྒྱ་པ། དགེ་ཚུལ་ཀ་རི་ཀ་བཅས་ཀྱིས་གཙོས་པའི་བློ་སྦྱོང་སྐོར་དང་། ལོ་རིམ་གཉིས་པར་རིགས་གཏེར་རྩ་བ་དང་རིགས་གཏེར་གསལ་བྱེད་གཉིས་སྦྲགས་ཤིང་། ཚད་མ་རྣམ་འགྲེལ་ལེའུ་དང་པོ་གཉིས། ལོ་རིམ་གསུམ་པར་རིགས་གཏེར་རང་འགྲེལ་དང་རྣམ་འགྲེལ་ལེའུ་ཕྱི་མ་གཉིས། ལོ་རིམ་བཞི་པར་དབུ་མ་རྩ་འཇུག་གཉིས་དང་། དཀའ་འགྲེལ་ལྟ་བ་ངན་སེལ། དབུ་མ་སྤྱི་དོན་སོགས་དབུ་མའི་སྐོར་ཆ་ཚང་། ལོ་རིམ་ལྔ་པར་མངོན་པ་གོང་འོག་གཉིས། ལོ་རིམ་དྲུག་པར་ཤེར་ཕྱིན་འགྲེལ་ཆུང་དོན་གསལ་དང་ཡུམ་དོན་རབ་གསལ། ལོ་རིམ་བདུན་པར་ཚིག་དོན་རབ་གསལ་དང་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད། ཤེར་ཕྱིན་གྱི་ཟུར་བཀོལ་གསུམ་སོགས་ཤེར་ཕྱིན་གྱི་བཀའ་འགྲེལ་རྣམས། ལོ་རིམ་བརྒྱད་པར་འདུལ་བ་མདོ་རྩ་དང་སོར་མདོ་སོགས་འདུལ་བའི་སྐོར་ཆ་ཚང་འཆད་ཁྲིད་སོང་སྟེ། དེ་ལྟར་ལོ་རིམ་བརྒྱད་པའི་བར་ཡིག་རྒྱུགས་ཚད་དུ་ལོན་པ་རྣམས་ལ་བཀའ་བཅུ་པའི་མཚན་གནས་དང་ཕྱག་ཁྱེར་སྩོལ་ཞིང་། སྐྱོར་དཔོན་གྱི་འོས་ཆོས་ཚང་བ་འི་བཀའ་བཅུ་པ་རྣམས་ལ་མང་མོས་འོས་བསྡུའི་ལམ་ནས་སྐྱོར་དཔོན་བསྐོ་བཞག་བྱེད། ལོ་རིམ་དགུ་པར་བྱམས་ཆོས་ཕྱི་མ་བཞི་དང་ཚད་མ་རྣམ་ངེས། ལོ་རིམ་བཅུ་པར་སྡོམ་གསུམ་རྩ་འགྲེལ་རྩོད་སྤོང་དང་བཅས་པ། ཚད་མ་ཀུན་བཏུས་ཏེ། དེ་ལྟར་པོད་ཆེན་དྲུག་གམ་གྲགས་ཆེན་བཅོ་བརྒྱད་ཀྱི་འཆད་ཁྲིད་ལུང་རྒྱུན་རྫོགས་པར་ཐོབ་ཅིང་སྤྱིར་བཏང་གི་ཡིག་ཚད་ལོན་པ་རྣམས་ལ་སློབ་དཔོན་གྱི་གནས་རིམ་བསྩལ་ཏེ། ཝ་ཎ་གཙུག་ལག་སློབ་གཉེར་ཁང་དང་།རང་ཁུངས་ཀྱི་བཤད་གྲྭ་ཁག་གཙོ་བོར་གྱུར་པའི་ཤེས་ཡོན་གྱི་ཚོགས་སྡེ་ཁག་ཏུ་སློབ་ཁྲིད་དང་འགན་འཛིན་གནང་བར་མངགས་གཏོང་བྱེད་ཅིང་།སྔར་བཤད་གྲྭ་འདི་གའི་སྐྱོར་དཔོན་ཡིན་པ་རྣམས་དགེ་རྒན་དུ་གནས་རིམ་སྤར་ཞིང་།དེ་ནས་ལོ་མང་རིང་སློབ་ཁྲིད་གནང་བའི་ཉམས་མྱོང་རིམ་བསགས་ཀྱིས་མཁན་པོ་མངའ་གསོལ་གནང་སྟེ་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་གྲོགས་དན་ཅི་འོས་དང་གང་དགོས་བསྩལ་དང་སྩོལ་བཞིན་ཡོད།གཞན་ཡང་བསླབ་པ་མཐར་སོན་པ་རྣམས་ད་དུང་མུ་མཐུད་བཞུགས་སྟེ་མདོ་སྔགས་རྫོགས་པར་དོན་དུ་གཉེར་བ་རྣམས་ལ་བདེ་ཀྱེ་གསང་གསུམ་གཙོས་པའི་རྒྱུད་སྡེའི་མན་ངག་གི་བཤད་ཁྲིད་མཁན་རིན་པོ་ཆེ་ཉིད་ནས་གནང་རྒྱུའི་མཚོན་པའི་ཤེས་ཡོན་གྱི་ཕྱོགས་ལ་ཧ་ཅང་ཤུགས་གནོན་གནང་བ་དང་།དེ་བཞིན་དགེ་འདུན་པའི་འཕྲོད་བསྟེན་དང་འཕྲལ་གྱི་དགོས་མཁོ་སྒྲུབ་ཆེད་སློབ་གཉེར་བདེ་དོན་ལྷན་ཚོགས་དབུ་བརྙེས་ཏེ་དགེ་འདུན་པ་སྙུང་ཁམས་བཞེས་པ་དང་དགོས་མཁོས་དབེན་པ་རྣམས་ལ་མཐུན་འགྱུར་རོགས་རམ་བླ་མེད་བསྒྲུབས་ཤིང་།ལྷག་པར་ཤེས་རིག་ལྷན་ཚོགས་ཀྱིས་རང་གཞུང་གི་དཔེ་རྒྱུན་དཀོན་རིགས་འཚོལ་བསྡུ་དང་དཔར་བསྐྲུན་ཞུ་རྒྱུའི་མཚོན་པའི་གཞུང་དཔེའི་མཐུན་རྐྱེན་ཅི་དགོས་སྒྲུབ་པ་དང་།དེ་བཞིན་གོང་སྨྲོས་ཁང་ཚན་གཉིས་ཀྱི་གྲྭ་ཤག་གསར་བཞེངས་ལེགས་པར་གྲུབ་པ་སོགས་ལ་བརྟེན་ནས་དགེ་འདུན་པའི་གྲངས་འབོར་སྔར་ལས་ལྡབ་འཕེལ་བྱུང་བ་དང་།ཤེས་ཡོན་དང་ཀུན་སྤྱོད་སོགས་ནས་ཡར་རྒྱས་དགའ་འོས་པ་ཕྱིན་ཏེ།དཀྱོགས་མཚམས་ཀྱི་བསྟན་པའི་ཉམས་རྒུད་གསོ་ཐུབ་པ་མ་ཟད་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར་པའི་ད་ལྟའི་མཐོ་སློབ་འདི་ལྟར་སྒོ་ཀུན་ནས་སྔར་བས་ཕུན་སུམ་ཚོགས་པར་མཛད།ཁྱད་པར་སྙིགས་མའི་དུས་འདིར་སྟོན་དང་བསྟན་པ་ཚད་མར་ངེས་ཕྱིར་དང་རྒྱལ་བསྟན་རིན་པོ་ཆེ་འདི་ཡུལ་གནས་ལ་བརྒལ་བརྟགས་ཀྱི་རིགས་པ་འདི་གལ་ཆེ་བར་གཟིགས་ཏེ།བྱེས་ཀྱི་ས་སྐྱའི་གདན་ས་ཁག་མཉམ་འཛོམས་ཀྱིས་རིག་གཏེར་དགུན་ཆོས་ཚོགས་པ་དང་།དེ་རྗེས་མཐོ་སློབ་ནང་ཁུལ་དུ་ཀུན་མཁྱེན་དཔྱིད་ཆོས་ཆེན་མོ་གསར་འཛུགས་གནང་བ་སོགས་ངེས་པ་དོན་གྱིས་བསྟན་འགྲོར་སྨན་པའི་མཛད་འཕྲིན་འགྲན་ཟླ་མེད་པར་བསྐྱངས་པའི་ཉེར་ལེན་གྱིས།རྗེ་བླ་མ་དམ་པ་རྣམས་ཐུགས་ཤིན་ཏུ་དགྱེས་པ་བྱུང་སྟེ།སླར་ཡང་སྤྱི་ལོ་༢༠༠༩ལོར་སླར་ཡང་མཁན་ཆེན་ཉིད་ནས་ཆོས་གྲྭ་འདིའི་འཛིན་སྐྱོང་དང་གལ་ཆེའི་མན་ངག་གི་བཀའ་ཁྲིད་གནང་དགོས་པའི་བཀའ་ལུང་ཕེབས་ཤིང་།འཆད་ཁྲིད་གནང་མཁན་གྱི་གཙོ་བོ་ཉིད་ཀྱིས་མཁན་པོར་མངའ་གསོལ་གནང་བ་ལྟར།ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་ཉིད་ཀྱི་བཀའ་སློབ་ལམ་སྟོན་ཟབ་མོའི་འོག།མཁན་པོ་མཁྱེན་རབ་བཟང་པོ།མཁན་པོ་འཇམ་དབྱངས་སྦྱིན་པ།མཁན་པོ་འཇམ་དབྱངས་སྐལ་བཟང།སློབ་དཔོན་ཐུབ་བསྟན་རབ་གསལ།སློབ་དཔོན་འཁོར་ཆགས་སྤྲུལ་སྐུ་སོགས་ཀྱིས་འཆད་ཁྲིད་གནང་བཞིན་པ་ཡིན་ལ།འཆད་ཁྲིད་གནང་ཚུལ་ཡང་སྔོན་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་ཁམས་བྱེས་རྫོང་གསར་བཤད་གྲྭའི་མཁན་པོ་བྲག་གཡབ་དམ་ཆོས་ཀྱི་ཁྲིད་སྲོལ་གཞིར་བཟུང་གིས་མཆན་འགྲེལ་ལྟ་བུར་མ་ལྟོས་པར་གཞུང་རྩ་བ་རང་གི་སྟེང་ནས་འགྲེལ་བཤད་བྱེད་པའི་ལམ་སྲོལ་གནང་འདུག་པ་ལྟར་ད་ལྟའང་རྒྱུན་སྐྱོང་བྱེད་ཀྱིན་ཡོད་ལ།དེ་བཞིན་སྐབས་བསྟུན་གྱིས་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་ཉིད་ནས་དགེ་སློབ་ཐུན་མོང་ལ་མཁན་ཆེན་ཨ་པད་རིན་པོ་ཆེའི་མན་ངག་གིས་བརྒྱན་པའི་ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།སློབ་དགེ་འཕྲིན་ལས་ཉི་མ་ནས་རིག་སྦྱོར་འཛིན་གྲྭར་བསྡུས་གྲྭ་དང་བློ་རིགས་རྟགས་རིགས་སོགས་ཀྱི་བཤད་ཁྲིད་དང་།སློབ་དགེ་དོན་གྲུབ་དཔལ་ལྡན་ནས་གཙོ་བོ་རིག་སྦྱོར་འཛིིན་གྲྭར་བརྡ་དག་སྙན་གསུམ་གྱི་སློབ་ཁྲིད་གནང་།དེ་བཞིན་རྒན་ཀརྨ་སངས་རྒྱས་ནས་ལོ་རིམ་བརྒྱད་པ་ཡན་ཆད་ལ་རྩིས་རིག་ཀྱི་སློབ་ཁྲིད་གནང་ཞིང་བཞིན་པ་ཡིན་ལ།ད་དུང་ལོ་རིམ་བདུན་པ་ཡན་ཆད་ལ་དབྱིན་ཇིའི་འཛིན་གྲྭ་ཡོད་ཅིང་།སྐབས་མཚམས་རྣམས་སུ་བོད་ཀྱི་མཁས་དབང་ཁག་གདན་འདྲེན་ཞུས་ཏེ་རིག་གནས་སྣ་མང་གི་ཐད་བགྲོ་གླེང་དང་ཟབ་སྦྱོང་གི་འཛིན་གྲྭ་གཉེར་བཞིན་ཡོད།དེ་བཞིན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་།སྐྱབས་མགོན་གོང་མ་ས་སྐྱའི་བདག་ཆེན་རྣམ་གཉིས་དང་།སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་དབུས་རིས་སུ་མ་མཆིས་པའི་བླ་ཆེན་རྣམས་ཀྱིས་བཀའ་ཆོས་སྩོལ་སྐབས་ཡུལ་དུས་ཀྱི་སྐལ་བ་བྱུང་ན་དགེ་སློབ་སོ་སོའི་ཐུགས་མོས་བཞིན་བཅར་ཏེ་རྒྱུད་སྡེ་བཞིའི་དབང་ལུང་ཁྲིད་མན་ངག་དང་བཅས་པར་གསན་བསམ་དང་ཉམས་བཞེས་གནང་རྒྱུ་ནི་བགྱི་བ་ཡོངས་ཀྱི་གཙོ་བོར་བརྩིས་ནས་དེ་ལུགས་གནང་གི་ཡོད།མདོར་ན་ཆོས་གྲྭ་ཆེན་པོ་འདི་ནི་བརྩེ་ཆེན་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་བཀའ་ཁྱབ་འོག་ཡོད་ཀྱང་འཛིན་སྐྱོང་གནང་ཕྱོགས་དང་སྤྱི་ཚོགས་ཀྱི་གྲུབ་སྟངས་དེང་རབས་ཅན་དུ་ཡོད་སྟབས་མཁན་རིན་པོ་ཆེ་ཡི་བཀའ་སློབ་ལམ་སྟོན་འོག་འཚོ་བའི་སློབ་ཕྲུག་རང་གི་ཚོགས་པ་དཔེར་ན།གཙོ་བོ་བླ་སྤྲུལ་རྣམས་ཀྱི་ཆེད་བླ་ཆེན་རྣམས་ལ་དབང་ལུང་མན་ངག་གི་རྒྱུན་དཀོན་རིགས་ནོད་པར་འབོད་སྐུལ་གནང་མཁན་གྱིས་མཚོན་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་མཁན་སྤྲུལ་སྐུ་ལྷན་ཚོགས།ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་མཐུན་རྐྱེན་ཐོག་ཕྱག་ལས་གནང་མཁན།ཤེས་རིགས་ལྷན་ཚོགས།གཙོ་བོ་སློབ་མ་ཉམས་ཐག་རྣམས་ལ་འཚོ་བའི་ཐད་རོགས་རམ་གནང་མཁན་སློབ་གཉེར་ལྷན་ཚོགས།གཙོ་བོ་སྤྱི་ཚོགས་ཁྲོད་བྱམས་བརྩེ་དང་འབྲེལ་ནས་སེམས་ཅན་གྱི་ཚེ་སྲོག་གཅེས་སྐྱོང་ཐད་འབོད་སྐུལ་གནང་མཁན་བྱམས་བརྩེ་དཀར་སྐྱོད་ལྷན་ཚོགས།གཙོ་བོ་བཤད་གྲྭའི་ཁོར་ཡུག་སྲུང་སྐྱོབ་གནང་མཁན་ཁོར་ཡུག་ལྷན་ཚོགས།བཤད་གྲྭའི་སྒྲིག་སྲོལ་དང་དགེ་འདུན་པའི་ཀུན་སྤྱོད་ཐད་གཟིགས་རྟོགས་གནང་མཁན་སྒྲིག་ལམ་ལྷན་ཚོགས་བཅས་ཀྱིས་གྲུབ་པའི་དེང་རབས་མང་གཙོའི་རང་བཞིན་ལྡན་པའི་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་མོ་ཞིག་ཡིན། །

                                             ད་ལྟའི་གནས་བབ།

 སྤྱི་ལོ་༢༠༡༣ ལོར་མཁན་རིན་པོ་ཆེ་བསད་ནམས་རྒྱ་མཚོ་མཆོག་དགོངས་ཞུས་དང་འབྲེལ་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་ཆེན་པོ་མཆོག་ནས་མཁན་པོ་བརྗེ་ལེན་གྱི་བཀའ་སློབ་ཕེབས་པ་ལྟར། ད་ལྟའི་ཆར་(༢༠༡༣-༢༠༡༥)སློབ་སྤྱི་མཁན་པོ་མཁྱེན་རབ་བཟང་པོ། མཁན་པོ་འཇམ་དབྱངས་སྦྱིན་པ། མཁན་པོ་འཇམ་དབྱངས་སྐལ་བཟང་། མཁན་པོ་ཐུབ་བསྟན་རབ་གསལ། མཁན་པོ་འཁོར་ཆགས་སྤྲུལ་སྐུ་བཅས་སློབ་ཁྲིད་གནང་མཁན་གཙོ་བོ་མཁན་པོ་ལྔ་དང་། དཔལ་འབྱོར་འཚོལ་སྒྲུབ་པ་མཁན་པོ་ཚུལ་ཁྲིམས་བསྟན་དར་བཅས་ཀྱིས་ཕྱི་ནང་འཛིན་སྐྱོང་གང་ཅིའི་ཐོག་ལས་འགན་སྒྲུབ་བཞིན་པ་དང་། དཔེ་ཁྲིན་རྒན་འཇམ་དབྱངས་བཟང་པོ་དང་། ༧སྐྱབས་རྗེ་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ། དྭགས་པོ་ཞབས་དྲུང་རིན་པོ་ཆེ། ངག་དབང་འཇིགས་མེད་བཅས་དང་། སྐྱོར་དཔོན་འཇམ་དབྱངས་རྣམ་འཇོམས། ཞི་བ་སྤྲུལ་སྐུ་རིན་པོ་ཆེ། མཁྱེན་རབ་བཟང་པོ། ཀུན་དགའ་ཚེ་རིང་བཅས་དཔེ་ཁྲིད་གནང་མཁན་བཅུ་གསུམ་དང་། ༸སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་སྡེ་གཞུང་མཆོག་སྤྲུལ་སོགས་བླ་སྤྲུལ་ངོ་གྲངས་བཅུ་ཕྲག་ལྷག་དང་། སློབ་མའི་གྲངས་ཉིས་བརྒྱ་ཙམ། འཛིན་གྲྭ་ནི་སྔོན་འགྲོ་རིག་སྦྱོར་འཛིན་གྲྭ། དངོས་གཞི་འཛིན་གྲྭ་དང་པོ་སྤྱོད་འཇུག་འཛིན་གྲྭ། གཉིས་པ་ཚད་མ་འཛིན་གྲྭ་འོག་མ། གསུམ་པ་ཚད་མ་འཛིན་གྲྭ་གོང་མ། བཞི་པ་དབུ་མ་འཛིན་གྲྭ། ལྔ་པ་མངོན་པ་འཛིན་གྲྭ། དྲུག་པ་ཤེར་ཕྱིན་འཛིན་གྲྭ་འོག་མ། བདུན་པ་ཤེར་ཕྱིན་འཛིན་གྲྭ་གོང་མ། བརྒྱད་པ་སྡོམ་གསུམ་འཛིན་གྲྭ། དགུ་པ་བྱམས་ཆོས་འཛིན་གྲྭ། བཅུ་པ་རྒྱུད་འཛིན་གྲྭ། ཞར་བྱུང་དབྱིན་ཇི་འཛིན་གྲྭ་དང་རིག་གནས་འཛིན་གྲྭ་བཅས་ཡིན་ལ། སློབ་ལོའི་དུས་ཡུན་ནི་སྔོན་འགྲོའི་འཛིན་གྲྭ་ཕུད་དངོས་གཞི་ལ་ལོ་ངོ་བཅུ་ལས། ལོ་རིམ་བརྒྱད་པར་བཀའ་བཅུ་པ་དང་། ལོ་རིམ་བཅུ་པར་སློབ་དཔོན་གྱི་ཕྱག་འཁྱེར་ཐོབ་ཀྱི་ཡོད། སློབ་ཚན་སྔར་རྒྱུན་བཞིན་སྟོན་པ་ཐུགས་རྗེ་ཅན་གྱི་ཟབ་པ་དང་རྒྱ་ཆེ་བའི་བཀའ་དང་། རིས་སུ་མ་ཆད་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བསྟན་བཅོས་རྣམས་གཙོ་བོ་ཡིན་ལ། དེའང་ཚུར་བསྡུ་ན་འབྲས་བུ་སྔགས་ཀྱི་ཐེག་པ་དང་། མཚན་ཉིད་རྒྱུའི་ཐེག་པ་གཉིས་ལས། འབྲས་བུ་སྔགས་ཀྱི་ཐེག་པ་ནི་སྤྱི་ལྗོན་བརྟག་གསུམ་སོགས་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་འཆད་ཉན་གྱི་སྲོལ་དུ་ཡོད་པའི་རྩ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐོས་བསམ་གྱི་གཞི་ཡིན་ལ། རྒྱུ་མཚན་ཉིད་ཐེག་པ་ལ་པོད་ཆེན་དྲུག་ཞེས་ཡོངས་སུ་གྲགས་པའི་དབུ་མ་དང་།ཕར་ཕྱིན་། མངོན་པ། འདུལ་བ། ཚད་མ། སྡོམ་གསུམ་བཅས་བཀའ་དང་བསྟན་བཅོས་ཀྱི་རྩ་འགྲེལ་དག་ཡིན། དེ་ལ་འཆད་ཉན་བྱེད་པའི་ཚུལ་ནི་༧སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ཨ་པད་རིན་པོ་ཆེའི་ཞལ་སྲོལ་བཞིན། རྩ་བས་བསྡུས་པའི་འཆད་བྱ་རྣམས་རྩ་བའི་ཐོག་ཏུ་འཆད་པ་དང་། འགྲེལ་པས་བསྡུས་པའི་འཆད་བྱ་རྣམས་འགྲེལ་པའི་ཐོག་ཏུ་འཆད་པའི་སྲོལ་བཟང་གི་རྒྱུན་སྐྱོང་བཞིན་པ་མ་ཟད། ༧སྐྱབས་མགོན་འཁོན་གདུང་སྐུ་བགྲེས་རིན་པོ་ཆེས་ཟླ་བ་གཉིས་ཙམ་གྱི་རིང་རྒྱུད་ཀྱི་བཤད་ཁྲིད་གནང་རྒྱུས་མཚོན་པའི་སྐབས་དང་དུས་སུ་ཕྱི་ནས་མཁས་དབང་རྣམས་གདན་འདྲེན་གྱིས་མདོ་སྔགས་རིག་གནས་དང་བཅས་པ་ཅི་རིགས་ལ་འཆད་ཉན་དང་བགྲོ་གླེང་ཅི་དགེ་གནང་བཞིན་པ་བཅས་སོ། །སྤྱི་ལོ་༢༠༡༤ ཟླ་༡༠ ཚེས་ ༥ ཉིན་ཨ་རི་ནེའུ་ཡོག་བརྩེ་ཆེན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀུན་དགའ་བསྟན་པ་ལགས་ནས་འདི་ལྟའི་ལོ་རྒྱུས་ཤིག་དགོས་ཞེས་བཀའ་གནང་བ་ལྟར་ཉིན་ག་རང་ལ་མཁན་པོ་ཐུབ་བསྟན་རབ་གསལ་པས་སྔར་ཡོད་ཀྱི་ལོ་རྒྱུས་ལ་ད་ལྟའི་གནས་བབ་ཅུང་ཟད་ཁ་སྐོང་ཞུས་པ་བཅས་སོ།། 


Copyright © 2014.Sakya Tsechen Association. All Rights Reserved.